མིང༌། མཁན་པོ་འཇམ་དཔལ་བསྟན་འཛིན།
༄༅། །རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནི་ཤར་མི་ཉག་ནགས་ཕྲན་སྡེ་བ་རུ་སྐྱེས། ཆུང་དུས་ནས་རང་དགོན་ལ་ཞུགས་ནས་མཐོང་བརྒྱུད་དང་། རིག་གནས་སྦྱངས་ཤིང་དེ་གའི་བཤད་གྲྭའི་སྐྱོར་དཔོན་ཡང་བྱས། དེ་ནས་གསེར་ཐང་བླ་རུང་སྒར་ལ་ཕྱིན་ནས་༸ཆོས་རྗེ་བླ་མའི་མདུན་དབང་ལུང་གདམས་ཁྲིད། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་འབྲས་རྩེ་གྲས་སུ་ཕྱིན་ཏེ་བགྲོ་གླེང་དམ་བཅའ་ཐེངས་གཉིས་དང་། བཀའ་པོད་དམ་བཅའི་བར་སོན། ༸སྐྱབས་རྗེ་པདྨ་སྐལ་བཟང་མཆོག་ནས་སྐྱོར་དཔོན་གྱི་མཚན་གནས་དང་། རྒྱལ་འཕགས་བསྟན་བདག་ནས་མཁན་པོའི་མཚན་གསོལ་གནང་། ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་ཐུགས་རེ་བཞིན་འཕགས་ཡུལ་ཤྲཱི་སེང་བཤད་གྲྭའི་དགེ་རྒན་གནང་རིང་ལོ་རིམ་དགུའི་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱས། བཤད་གྲྭའི་འཛིན་རིམ་གོང་འོག་གཏན་འབེབས་དང་། སྒྲིག་གཞི་བསྐྱར་བཅོས། རིམ་པས་རྒྱུན་ལས་ཚོགས་གཙོ། སྐུ་སྒེར་དྲུང་ཡིག རྩོམ་སྒྲིག་འགན་འཛིན། དགོན་པའི་སྤྱི་ཁྱབ་འགན་འཛིན། ཁྱད་པར་ལས་ཐོག་མཁན་རབས་བཞི་པར་མངའ་གསོལ་བ་བཞིན་བསྟན་སྲིད་ཆེད་འགན་ཁུར། རྡོར་གདན་༸ཆོས་རྗེ་བླ་མའི་འདས་མཆོད་སྨོན་ལམ་ཆེན་མོའི་རྒྱུན་ལས་བསྟུད་མར་ཐེངས་གཉིས་བྱས། འབྲེལ་ཡོད་ཉམ་ཐག་རིགས་ལ་སྨན་བཅོས་དང་། འཚོ་སྣོན། སློབ་ཡོན་སོགས་དུས་ནས་དུས་སུ་རོགས་རམ་གནང་། བརྩམས་དེབ། ས་བཤད་ནོར་བུའི་འཕྲེང་བ་དང་། ལོ་རྒྱུས་ཀུན་གསལ་མེ་ལོང་བཅས་དེབ་འཕྲེང་གཉིས་ཆེད་བརྩམས་གནང་ནས་ཕ་ཡུལ་རང་ནས་འགྲེམ་སྤེལ་མཛད་སྒོ་སྤེལ། སྐབས་ ༡༦ པའི་རྙིང་མའི་སྤྱི་འཐུས་སུ་འདེམས་ཐོན་བཞིན་ལས་དོན་ཆེ་ཕྲ་གང་ཡིན་འཐུས་ཤོར་མེད་པར་མ་ཟད། འཇིག་ཉེན་ཆེ་བའི་སྐད་ཡིག་རིག་གཞུང་སྐོར་ལ་གཞེན་བསྐུལ་དང་། བགྲོ་གླེང་། གྲོས་ཆོད་བཅས་ཀྱིས་འགན་ཁུར་གཙང་མ་བླང་ཡོད་པ་དང་། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །