རྔ་བ་རྫོང་གི་ཉིན་ཤས་རིང་གི་ཛ་དྲག་གནས་སྟངས་ཕྱོགས་བསྡུས།

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།

ཕྱི་ཚེས་ ༡༡ ཉིན་ཕ་ཡུལ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྔ་བ་ཚང་གི་གྲྭ་བློ་བཟང་དར་རྒྱས་རང་ལོ་ ༣༡ ཡིན་པ་ཀིརྟི་དགོན་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་།

ཕྱི་ཚེས་ ༡༢ ཉིན་སྦྱོང་བརྡར་སྤྲད་པའི་དམག་ཁྱི་མང་ཚོགས་ནང་གློད་དེ་ལོ་ན་ ༦༠ ཡོལ་བའི་ཨ་མ་རྒན་མོ་གཉིས་ལ་རྨས་སྐྱོན་ལྕི་མོ་བཟོས་ཏེ་ད་ཆ་རྫོང་སྨན་ཁང་དུ་ཉལ་ཡོད་འདུག ཉིན་དེར་མི་མང་གིས། གལ་སྲིད་དགེ་འདུན་པ་རྣམས་ཀྱིས་ཁྲིམས་དང་འགལ་བའི་ཉེས་པ་དངོས་ཡོད་བསགས་པ་ཡིན་ན་ང་ཚོས་གང་ཡང་བརྗོད་ཀྱི་མེད་ཀྱང་། ད་ལྟ་ཉེས་པ་གང་ཡང་མེད་པའི་དགེ་འདུན་པ་རྣམས་བཙོན་ཁང་དུ་ཁྱེར་དགོས་པ་ཡིན་ན་ང་ཚོས་རང་སྲོག་འབེན་ལ་བཞག་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བརྗོད་སྐབས། དེར་ཡོད་ཉེན་རྟོག་མི་སྣ་སོགས་ཀྱིས་ཤི་ཐུབ་མཁན་ཚོས་འཛུབ་ཐེལ་རྒྱག་དགོས་ཚུལ་བཤད་པར། མི་སུམ་བརྒྱ་ལྷག་གིས་གྲྭ་པ་རྣམས་ཀྱི་ཆེད་དུ་ཤི་ཐུབ་པའི་འཛུབ་ཐེལ་བརྒྱབ་ཡོད་པ་དང་། དེ་དུས་མི་མང་གིས་འཚང་ཁ་བརྒྱབ་པར་བརྟེན་མཚམས་བཞག་ཡོད་འདུག

ཕྱི་ཚེས་ ༡༣ ཉིན། དགོན་པའི་ནང་ཡོད་པའི་ལས་དོན་རུ་ཁག་གིས། ཁོ་ཚོའི་ལས་ཀ་མཇུག་མ་རྫོགས་བར་དུ་གནད་དོན་ག་རེ་ལ་ཐུག་ན་ཡང་གྲྭ་པ་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་ཚུལ་དང་། ལས་མཇུག་མགྱོགས་པོར་རྫོགས་མིན་གྲྭ་པ་ཚོས་སློབ་གསོ་དང་ལེན་བྱེད་མིན་ལ་རག་ལས་ཚུལ་བརྗོད་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་དང་དགེ་འདུན་པ་ཉུང་ཤས་ལྷན་དུ་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་དགེ་འདུན་པ་རྣམས་ཀྱིས་ས་གནས་ས་ཐོག་གི་དངོས་ཡོད་ཀྱི་དཀའ་ངལ་ག་རེ་ཡིན་མིན་འགྲེལ་བརྗོད་དང་། ལྷག་པར་དུ་རྔ་པ་ཀིརྟིའི་དགོན་གྱི་སློབ་གྲྭ་སྒོ་བརྒྱབ་པ་སོགས་ཀྱི་གནད་དོན་མང་པོ་ཞིག་གླེང་ཡང་ཚུར་ལན་འདེབས་གང་ཡང་བྱས་མི་འདུག

ཕྱི་ཚེས་ ༡༥ ཉིན་དེར་དགེ་འདུན་པ་ཁག་ཅིག་འཛིན་བཟུང་གིས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡང་མིང་དང་ས་གནས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

ཕྱི་ཚེས་ ༡༥ དང་ ༡༦ ཉིན་སོ་སོར་རྔ་པ་རྫོང་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་ཡོངས་རྫོགས་དང་། ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་ཀིརྟི་དགོན་དུ་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་བཞིན་པའི་ནང་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་པ་མ་ཟད། མཛོད་དགེ་རྫོང་གི་ལས་བྱེད་པ་མང་པོ་ཞིག་ཀྱང་རྒྱབ་དཔུང་ལྟ་བུར་དགོན་པའི་ནང་སླེབས་ཡོད་འདུག

རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གྱིས་གྲྭ་དམངས་བསྐོངས་ཏེ། དགོན་པ་གཏོར་དང་མི་གཏོར། ཆོས་སྒོ་རྒྱག་དང་མི་རྒྱག་ང་ཚོ་ལ་སྐད་ཆ་གང་ཡང་མེད། དེ་ནི་ཁྱེད་རང་ཚོའི་རྣམ་འགྱུར་ལ་རག་ལས་པ་ཞིག་ཡིན་པས་ཁྱེད་རང་ཚོས་གདམ་ག་ཡིན་ཚུལ་འཇིགས་སྐུལ་བྱས་ཡོད་ལ། དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཕྱི་ཕྱོགས་ལ་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པས། དེ་ཚོ་རང་དགར་མི་འཇོག་ཚུལ་ནན་བརྗོད་བྱས་ཡོད་པ་དང་།

དེ་བཞིན་ཕྱི་ལོ་ ༢༠༠༨ ནས་ལོ་ད་བར་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་ལས་འགུལ་རྒྱུན་མཐུད་བྱས་ཡོད་པས། རྔ་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་ཀྱི་གནས་སྟངས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང་། ད་ལྟ་ད་དུང་ལས་འགུལ་རྒྱུན་མཐུད་འདོད་པའི་དམིགས་ཡུལ་གསལ་པོ་ཡིན་པ་སོགས་བརྗོད་འདུག

ད་ཆ་དགོན་པའི་ནང་ལ་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་གྱིས་དམ་བསྒྲགས་དང་ལྟ་སྲུང་བྱེད་མུས་ཡིན་པ་དང་། དགོང་མོའི་དུས་ཚོད་བརྒྱད་པའི་རྗེས་མི་གཅིག་ཀྱང་གྲྭ་ཤག་གི་ཕྱི་ལ་ཐོན་མི་ཆོག་པའི་བཙན་བཀའ་བཏང་འདུག་ལ། དེའི་རྗེས་གླིང་བར་ལ་ལྟ་སྲུང་བྱེད་མཁན་གྱི་དམག་མི་སོགས་ལ་ཐུག་ན་རྡུང་རྡེག་དྲག་པོ་གཏོང་གི་ཡོད་འདུག

གྲྭ་པ་བདུན་ཅན་གྱི་གྲྭ་ཤག་ཅིག་གི་ནང་བཞེས་ལག་རྩ་བ་ནས་མ་རག་པར་ཉིན་གསུམ་རིང་ལྟོགས་སྐོམ་མྱོང་དགོས་བྱུང་ཡོད་འདུག་ལ། ཕྱིས་སུ་གྲྭ་པ་ཚོས་བཞེས་ལག་ཅུང་ཙམ་རེ་བསྡུ་རུབ་བྱས་ཏེ་ཁོང་ཚོ་ལ་སྤྲད་ཡོད་འདུག

ཕྱི་ཚེས་ ༡༥ མཚན་མོ་དགོན་པའི་གླིང་བར་ལ་ལྟ་སྲུང་བྱས་ནས་ཡོད་པའི་དྲག་ཆས་དམག་མི་དང་ཉེན་རྟོག་མི་སྣ་སྐོར་ཞིག་གིས་གྲྭ་དཔལ་ཁོ་ལགས་ཀྱི་གྲྭ་ཤག་གི་ར་བའི་ངོས་སུ་རླངས་འཁོར་བཏང་ནས་ར་བ་གཏོར་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༢༠ ཙམ་ནས་དགོན་པའི་ནང་ལོགས་ལ་ཡོད་པའི་སྨན་ཁང་གི་སྒོ་གཏན་རྒྱག་བྱས་ཏེ་དགེ་འདུན་པ་རྣམས་ལ་རྒྱུན་ལྡན་གྱི་སྨན་བཅོས་མཐུན་རྐྱེན་གཅིག་ཀྱང་མ་རག་པའི་དཀའ་ངལ་ཤུགས་ཆེ་ཡོང་གི་ཡོད་འདུག  སྨན་ཁང་དེ་ནི་སྨན་པ་གྲྭ་ཚང་གིས་གཉེར་བཞིན་པའི་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྨན་བཅོས་མཐུན་རྐྱེན་ཡོད་པ་ཞིག་ཡིན།

རྒྱུན་དུ་གྲྭ་ཤག་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱིན་ཡོད་པར་མ་ཟད། གྲྭ་ཤག་ལ་འཛུལ་སྐབས་གང་ཡིན་འདི་ཡིན་མེད་པའི་མི་ཞིག་གི་མིང་ནས་བཟུང་སྟེ་མི་དེ་འདིར་ཡོད་མེད་འདྲི་བ་དང་། མི་དེ་འདྲ་ཞིག་གཏན་ནས་མེད་ཚུལ་བརྗོད་པར་དྲང་བཤད་བྱས་མ་སོང་ཚུལ་བརྗོད་དེ་གཅར་རྡུང་གཏོང་བ་དང་། བཅའ་དངོས་མང་པོ་རྐུ་འཕྲོག་གི་གནས་ཚུལ་ཡང་ཡོང་གི་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༡༦ ནས་ད་བར་དགོན་པའི་དགེ་འདུན་པ་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དགོན་པའི་ཕྱི་ནང་མང་པོར་རྩད་གཅོད་བྱས་ཡོད་ཀྱང་ད་བར་ཤེས་རྟོགས་བྱུང་མེད།

ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟིའི་དགོན་གྱི་གྲྭ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྒྲོན་པའི་དོན་དག་བྱུང་མ་ཐག སྐབས་དེར་ཟི་ལིང་དུ་ཡོད་པའི་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཕྱིར་རྔ་པ་རུ་ཡོང་བའི་ལམ་དུ་ཞུགས་ཡོད་ཀྱང་། དེ་ནས་བཟུང་ད་བར་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་འདུག་ཅིང་། འབྲེལ་ཡོད་དགོན་གྲོང་ཚོས་ལམ་བར་ནས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

Menu