རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐོར་སྤྱི་འཐུས་ཚོགས་གཙོར་བཅར་འདྲི།

འདི་གའི་དྲ་རྒྱའི་གསར་འགོད་པས་ཟླ་ ༤ ཚེས་ ༣ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ།
གསར་འགོད་པ།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གྲ་སྒྲིག་སྐོར་ལ་མཛད་འཆར་ངོ་སྤྲོད་གནང་རོགས།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས།
ཚོགས་ཆེན་བསྐོང་རྒྱུའི་དུས་ཚེས་དེ་ཕྱི་ལོ་  ༢༠༡༡ ཟླ་ ༥  ཚེས་ ༢༡ ནས་ཚེས་ ༢༣ བར་ཉིན་གསུམ་རིང་ཡིན་པ་དང་། ཚོགས་ཡུལ་དེ་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་གྲ་སྒྲིག་ཞུས་ཡོད། ཉིན་དང་པོར་ཚོགས་འདུ་དབུ་འབྱེད་གྲུབ་ཚར་མ་ཐག་ཏུ་ཚོགས་མིའི་གྲངས་འབོར་ལ་གཞིགས་པའི་ཚོགས་ཆུང་ཁག་བགོས་གནང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ནང་ཡོད་པའི་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་གོ་བསྡུར་གནང་གི་རེད། དེར་བསྟུན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུ་ཕྱོགས་སྐོར་ལ་གྲོས་བསྡུར་ཞུ་གི་རེད། བརྗོད་གཞི་འདིའི་ཐོག་ཉིན་དང་པོ་ནས་ཉིན་གཉིས་པའི་གུང་ཚིགས་བར་དུས་ཚོད་འབུལ་རྒྱུའི་འཆར་གཞི་བསྒྲིགས་ཡོད། ཉིན་གཉིས་པའི་ཉིན་རྒྱབ་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་འཆར་འབུལ་གནང་བའི་སྙན་ཐོའི་དོན་ཚན་སྤྱི་ཡོངས་ལ་ཚོགས་བཅར་བའི་དགོངས་ཚུལ་བསྡུ་རུབ་གནང་གི་རེད། དེ་ནས་ཉིན་གསུམ་པར། ཚོགས་ཆེན་བསྐོངས་ཏེ་་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ་དང༌། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་དང༌། དོན་ཚན་དང་པོའི་སྐོར་ལ་༸གོང་ས་༸སྐྱབས་མགོན་ཆེན་པོར་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་འཇོག་རྒྱུའི་འཆར་གཞི་བཀོད་ཡོད།
ཚོགས་ཆེན་གྲ་སྒྲིག་ཚོགས་ཆུང་ནང་ཚོགས་གཙོ་སྦྲེལ་པོ་དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བཅས་བསྐོ་འཛུགས་བྱས་ཡོད། ཚོགས་དྲུང་གི་ལས་འགན་ཚོགས་དྲུང་ལས་ཁུངས་ནས་ཁུར་གྱི་རེད། ད་དུང་ལས་བྱེད་ཀྱིས་མ་འདང་ན་བཀའ་ཤག་ལ་ཞུ་སྐུལ་བྱེད་རྩིས་ཡིན།
གསར་འགོད་པ།
ཚོགས་མིའི་ཡོང་ཁུངས་སུ་ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། སྐུ་ཚབ་དང་དོན་གཅོད། གཞུང་ཞབས་ཟུང་དྲུང་མན། ས་གནས་འགོ་འཛིན། མཉམ་འབྲེལ་སོགས་བཀོད་སྒྲིག་གནང་མེད་པའི་རྒྱུ་རྐྱེན་ཅི་ཡིན་ནམ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས།
ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་འདུའི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོར་ཕེབས་ཀྱི་རེད། དེ་མིན་ཚོགས་མིའི་ཁོངས་སུ་མཉམ་ཞུགས་གནང་རྒྱུ་འཚམས་པོ་མི་འདུག་ཅེས་ ༢༠༡༠ ལོའི་གཞུང་མང་ཚོགས་ཆེན་ཐེངས་དང་པོའི་སྐབས་ལ་ང་ཚོར་གསུངས་པ་རེད། དེར་བརྟེན་གོ་སྒྲིག་ཞུས་མེད། སྐུ་ཚབ་རྣམ་པ་གཉིས་དང་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ། གཞུང་ཞབས་ཟུང་དྲུང་མན་གདན་འདྲེན་ཞུ་མི་དགོས་པ་དེ་འཛིན་སྐྱོང་བཀའ་ཤག་གི་དགོངས་ཚུལ་རེད། ས་གནས་འགོ་འཛིན་ཚོ་ཕྱི་ཟླ་ ༤ པའི་ནང་དྷ་རམ་ས་ལར་ཚོགས་འདུ་ཞིག་སྔོན་མ་ནས་གཏན་འཁེལ་གྲུབ་འདུག དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཡང་ཡང་བསྐོངས་ན་གང་ཅིར་སྟབས་མ་བདེ་བ་ཡོང་སྲིད་པ་རེད། མཉམ་འབྲེལ་ཁག་སྔ་ལོ་བྷེལ་ལ་ཀོབ་པེའི་ཚོགས་ཆེན་ལ་དཔལ་འབྱོར་དང་འབྲེལ་བའི་བརྗོད་གཞིའི་ཐོག་ནས་གདན་འདྲེན་ཞུས་པ་རེད། ད་ཐེངས་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། ས་འཐུས་མེད་པའི་ས་གནས་ཀྱི་སྐུ་ཚབ་མང་པོ་ཞིག་ཕེབས་ཀྱི་ཡོད་པས། སྤྱི་མཐུན་མཉམ་འབྲེལ་གྱི་སྐུ་ཚབ་བྱུང་ན་ས་གནས་སོ་སོའི་མཉམ་འབྲེལ་ནས་གདན་འདྲེན་ཞུ་མ་དགོས་པ་ཐག་བཅད་པ་རེད།
གསར་འགོད་པ།
ཚོགས་མིའི་ཡོང་ཁུངས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལ་ངོས་འཛིན་གནང་སྟངས་གང་འདྲ་ཡིན་ནམ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། 

ད་ཐེངས་གཞུང་འབྲེལ་མིན་པའི་ཚོགས་པའི་ཁོངས་སུ། དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་ཆོལ་ཁ་གསུམ་གྱི་དབུས་རྒྱུན་ལས་ཁང་དང་། གཞོན་ནུ་དང་བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ་བཅས་ཁག་བཅུ་ཙམ་ཡོད་པ་རེད། ཚོགས་པ་བཅུ་པོ་འདི་ ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་སྐབས། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ནང་ལ་འཆར་འབུལ་ཞུས་ཏེ། གྲོས་ཚོགས་ནང་བགྲོ་གླེང་གིས་གཏན་འབེབས་གནང་བ་ཞིག་རེད། ཕྱིས་སུ་སྤྱི་འཐུས་རྒྱུན་ལས་ནང་ལ་བགྲོ་གླེང་བྱུང་བ་དང་། ཡང་བསྐྱར་གྲོས་ཚོགས་ནང་དུའང་གླེང་སློང་བྱུང་ནས་འགྱུར་བ་བཏང་ཡོད་པ་མ་རེད།
གསར་འགོད་པ།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཕྱག་ལས་འཕེལ་རིམ་གང་འདྲ་ཡིན་ནམ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས།
སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་གྲོལ་མ་ཐག་ཏུ་ཚོགས་གཙོ་སྦྲེལ་པོས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བཙུགས་པ་རེད། དེའི་ཚོགས་མིའི་ཁོངས་སུ་ཚོགས་གཙོ་བགྲེས་གཞོན་གཉིས་དང་། བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག སྤྱི་འཐུས་པད་མ་འབྱུང་གནས་ལགས་བཅས་མི་ལྔ་ཡོད། ཟིན་བྲིས་ཚོགས་ཆུང་ནས་གྲོས་ཚོགས་སུ་གཞུང་འབྲེལ་གྲོས་ཆོད་བཞག་པའི་དགོངས་དོན་ལྟར། ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང༌། གྲོས་ཚོགས་སུ་བགྲོ་གླེང་བྱུང་བའི་སྤྱི་འཐུས་རྣམ་པའི་དགོངས་ཚུལ་གཞིར་བཞག་གིས་ཐོག་མའི་རགས་ཟིན་ཞིག་བཟོས་གྲུབ་པ་དང་། དེའི་ཐོག་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་དང་། རྒྱ་གར་གྱི་ཁྲིམས་དོན་མཁས་པར་གོ་བསྡུར་བགྲོ་གླེང་གནང་སྟེ། བདུན་ཕྲག་འདིའི་ནང་ཟིན་བྲིས་གཏན་འབེབས་གནང་འཆར་ཡོད། དེ་ནས་བདུན་ཕྲག་འདིའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ཡིག་ཆ་ཆ་ཚང་བ་གྲུབ་སྟེ། གང་མགྱོགས་མང་ཚོགས་ལ་འགྲེམས་སྤེལ་བྱེད་ཀྱི་རེད། ལོ་རྒྱུས་ཀྱི་དོན་སྙིང་རླབས་ཆེན་པའི་ལས་རིམ་འདིའི་ཐོག མང་ཚོགས་ཀྱིས་རྣམ་དཔྱོད་རྩལ་དུ་བཏོན་ནས་ཐད་ཀར་ཚོགས་དྲུང་ལས་ཁུངས་ལ་གནང་ན་རེད། ཡང་མིན་ན་ས་འཐུས་དང་རང་བདེན་ཚོགས་ཆུང་སོགས་ས་གནས་ཀྱི་སྐུ་ཚབ་བརྒྱུད་ནས་དགོངས་འཆར་སྤུངས་ཐུབ་ན། ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
གསར་འགོད་པ།
གྲོས་ཚོགས་འཕར་མ་འཚོགས་རྒྱུར་ཐུགས་རེ་ག་འདྲ་ཞིག་གནང་གི་ཡོད་དམ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས།
ང་ཚོས་ངོས་ནས་ལས་རིམ་བསྒྲིགས་བཞག་པ་འདི་དག་ལམ་ལྷོངས་ཡག་པོ་བྱུང་བ་ཡིན་ན། སྐབས་ ༡༤ པའི་སྤྱི་འཐུས་ཀྱི་ལས་ཡུན་ནང་ལ་༸རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་གྱི་དགོངས་དོན་ཉམས་ལེན་ཞུ་ཐུབ་པའི་ཁྲིམས་བཟོའི་ལས་རིམ་ཚར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། གཞུང་མང་ཚོགས་ཆེན་གྲུབ་པ་དང་། ཟླ་ ༥ ཚེས་ ༢༥ ནས་ཚེས་ ༢༨ བར་གྲོས་ཚོགས་འཕར་མ་བསྡུ་བསྐོང་གནང་གི་རེད། ཚོགས་དྲུང་ལས་ཁུངས་ནས་བདུན་ཕྲག་སྔོན་མར་སྤྱི་འཐུས་རྣམ་པ་སོ་སོར་ཚོགས་བསྐོང་བརྡ་ཐོ་ཕུལ་ཟིན་པ་རེད། ཚོགས་འདུའི་གྲ་སྒྲིག་གི་ལས་རིམ་ཡང་བང་བསྒྲིགས་ནས་འགྲོ་བཞིན་པ་ཡིན། གྲོས་ཚོགས་འཕར་མའི་ནང་ལ་བཅའ་ཁྲིམས་བསྐྱར་བཅོས་གྲུབ་པ་ཡིན་ན། སྐབས་ ༡༥ པའི་གྲོས་ཚོགས་ནས་བཅའ་ཁྲིམས་དང་རྗེས་འབྲེལ་གྱི་སྒྲིག་གཞིག་ཁག་བསྐྱར་བཅོས་བྱེད་དགོས་པ་ཡོང་གི་རེད། །

Menu