རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་གཉིས་སྤྱི་ལྷན་དུ་ཕེབས་པ།

 

 

img_3888

ཕྱི་ལོ་ ༢༠༡༦ ཟླ ༨ ཚེས་ ༡༦ ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན་ཡེ་ཤེས་ཆོས་བཟང་ལགས་ཀྱི་སྣེ་ཤན་འོག་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཨེ་ཤེ་ཡའི་འགན་འཛིན་སྐུ་ཞབས་ Benjamin Ismail ལགས་དང་། ཁོང་གི་ཕྱག་རོགས་སྐུ་ཞབས་ Martial Tourneur ལགས་རྣམ་གཉིས་སྤྱི་ལྷན་དུ་ཕེབས་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་མཇལ་འཕྲད་ཞུས་ཏེ། ཁོང་རྣམ་པ་གཉིས་ནས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོ་བོ་དང་ལས་འགུལ་གང་འདྲ་གནང་གི་ཡོད་མེད་སོགས་ཚོགས་གཞོན་མཆོག་ལ་གསུངས་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་རྩེད་འགྲན་སྐབས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་བདེན་པའི་གནས་ཚུལ་མང་དག་ཅིག་རྒྱལ་སྤྱིའི་ཐོག་སྤེལ་བའི་རྐྱེན་གྱིས་གསར་འགོད་པ་རྣམས་བོད་ནང་དང་རྒྱ་ནག་ནང་ལ་བསྐྱོད་མི་ཆོག་པའི་བཀའ་ཡང་བཏང་ཡོད། ཁོང་རྣམ་པ་གཉིས་ནས་ཚོགས་གཞོན་མཆོག་ལ་གཞིས་བྱེས་གཉིས་ཕན་ཚུན་གྱི་གནས་ཚུལ་ཇི་ལྟར་བྱས་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་སོགས་བཀའ་འདྲི་ཞུ་གནང་ཡོད་ཅིང་། ཚོགས་གཞོན་མཆོག་ནས་ཁོང་གཉིས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐོར་འགྲེལ་བཤད་བསྐྱོན་གནང་ཡོད་པ་མ་ཟད། ཁོང་རྣམ་པ་གཉིས་ཀྱིས་གང་ཅིའི་ཐོག་འདྲི་བ་ཞུས་པར་བཀའ་ལན་བཅས་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་ཡོད་པར་རེད།།

Menu