རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་སྦྱིན་པ་ལགས་འདས་གྲོངས་སུ་གྱུར་བ།

༄༅། །ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་བྱུང་སྐབས་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་པར་འབྱོར་རྗེས་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་བདེན་དོན་ ཆེད། བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ཆོས་ལུགས་དད་མོས་ལ་རང་དབང་མེད་སྐོར་འཛེམས་ཟོན་མེད་པར་གསལ་བཤད་དང་སྐད་འབོད་གནང་མཁན་གྲས་སུ་ཡོད་པའི་བླ་བྲང་དགོན་པའི་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣ ཉིན་སྔ་དྲོའི་ཆུ་ཚོད་ ༢ པའི་ཐོག་བླ་བྲང་བཀྲིས་འཁྱིལ་བསང་ཁོག་ཅེས་པའི་འབྲོག་སྡེར་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་འཇམ་དབྱངས་སྦྱིན་པ་ལགས་ནི། ཨ་མདོ་བླ་བྲང་བསང་ཁོག་ཅེས་པའི་འབྲོག་སྡེ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༧ དུ་སོན་ཡོད། ཁོང་གི་ཕ་མིང་ལ་བློ་བཟང་དང་མ་མིང་ལ་ཚེ་ལོ་ཞུ་ཡི་ཡོད་པ་དང་། ཁྱིམ་དུ་ཁྱོན་ཕྲུ་གུ་བཞི་ཡོད་པ་རེད། དམ་པ་ཁོང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇ་བོད་ཁྱིམ་དུ་སློབ་གཉེར་བྱེད་མྱོང་ཡོད། ཕྱི་ལོ་ ༡༩༩༦ ལོར་བོད་དུ་ཕྱིར་ལོག་བྱས་རྗེས་བླ་བྲང་བཀྲིས་འཁྱིལ་དགོན་པའི་སྨན་པ་གྲྭ་ཚང་ཁོངས་ཀྱི་ཆོས་སྒོར་བཞུགས་སྐབས་དབྱིན་སྐད་ཕྲན་བུ་ཤེས་པར་བརྟེན། དགོན་པའི་ནང་ཕྱི་ཕྱོགས་ནས་གནས་སྐོར་བ་སོགས་ཡོང་སྐབས་སྣེ་ཤན་པའི་ལས་སྣེའང་ཞུ་མྱོང་ཡོད་འདུག ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་བླ་བྲང་བཀྲིས་འཁྱིལ་དགོན་པའི་དགེ་འདུན་པ་ཁག་གཅིག་ནས་རྒྱལ་སྤྱིའི་གསར་འགོད་པའི་མདུན་སྐད་འབོད་བྱས་རྗེས་ཁག་གཅིག་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡང་ཁོང་དགོན་པར་མུ་མཐུད་བསྡད་པར་བརྟེན། སྤྱི་བདེ་ཉེན་རྟོག་པ་སོགས་ཡོང་སྟེ་ཤག་ནང་འཛུལ་ཏེ་ཁོང་ལ་ཉེས་རྡུང་ཚབས་ཆེ་བཏང་སྟེ་རང་ཤག་ནས་མ་བཏོན་གོང་ཕལ་ཆེར་རྐང་ལག་བཅགས་ཟིན་ཡོད་པ་རེད། ཉིན་གྲངས་བཅུ་ཙམ་རིང་ཚ་འདྲིའི་བཀག་ཉར་བྱས་ཏེ་ཤི་མིན་རོ་མིན་བཟོས་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། དུས་དེ་ནས་བཟུང་ལོ་ངོ་གསུམ་མ་ཟིན་ཙམ་རིང་ཕ་མ་རྒན་འཁོགས་གཉིས་སོགས་ནས་སྨན་བཅོས་གང་ཡོང་བྱས་ཀྱང་དྲག་བསྐྱེད་དང་། ཕན་འབྲས་མ་ཐོན་པར་མཐར་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤུལ་ལུས་གཉེན་ཉེ་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། རྒྱལ་གཅེས་དཔའ་བོ་ཁོང་དང་ཁོང་འདྲ་བའི་བོད་ཁྱོན་ཡོངས་ཀྱི་དཔའ་བོ་དཔའ་མོ་མང་དག་ཅིག་རྒྱ་ནག་གཞུང་གི་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སོང་དང་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་ལ་བློ་འཚབ་ཅི་ཆེ་ཡོད་པ་བཅས།།
Menu