འཁྲུངས་སྐར་དུས་ཆེན་ཕྱི་ལོ་ ༢༠༠2

ཕྱི་ལོ་ ༢༠༠2 སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད།

 

༄༅། །དེ་རིང་འདིར་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་དྲན་ གྱི་རྟེན་འབྱུང་དགའ་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་མཛད་སྒོར་བཅར་ཞུགས་ གནང་བའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེན་མོས་དབུས་ཁྲིམས་ཞིབ་རྣམ་ པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་ལས་ཁང་ཁག་གི་འགན་འཛིན་རྣམ་པ། བཀུར་འོས་ཡབ་གཞིས་སྐུ་འཁོར་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ལས་ཟུར་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། གཞན་ཡང་རྒྱ་ཆེའི་མང་ཚོགས་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་བཀྲ་ཤིས་དགའ་བ་ འབུམ་ལྡན་གྱི་ཉི་མོ་འདིར་གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན། འགྲོ་བ་ཡོངས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་ པོ་མཆོག་དགོས་པ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་ བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེར་ཡོངས་སུ་སྐུ་བལྟམས་ཏེ་རང་ལུགས་ ལྟར་ན་དགུང་གྲངས་ ༦༨ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༦༧ ལ་ཕེབས་པའི་བསྐལ་བཟང་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་པ་དང་། བོད་ཀྱི་ཆབ་སྲིད་གནས་བབ་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཛ་དྲག་གཉན་ འཕྲང་ལས་སྐྱོབ་ཆེད་གཟིགས་པ་ལྔ་ལྡན་གྱི་སྒོ་ནས་བསམ་བཞིན་མིའི་སྲིད་པ་བཟུང་ ཞིང་། རང་ཅག་རྣམས་ཀྱི་མགོན་དཔུང་དམ་པར་འཚོ་ཞིང་གཞེས་པ་དང་། ད་ཕན་ལོ་ངོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་ མིའི་འཕྲལ་ཡུན་ཕན་བདེའི་བསྒྲུབ་བྱ་རྩ་དོན་རང་ཡུལ་རང་དབང་སླར་གསོ་མཛད་ ཕྱོགས་ལ་སྨན་པའི་མཛད་འཕྲིན་མཐའ་ཡས་པ་ཞིག་བསྐྱངས་དང་སྐྱོང་བཞིན་པར་བརྟེན་ གུས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་བ་ དང་སྦྲགས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་པ་རྣམ་ཐར་ རྒྱ་མཚོ་ལྟ་བུ་མཐའ་ཡས་པ་ཞིག་ཡོད་པ་ནས་འདིར་སྐབས་དོན་སྙིང་བསྡུས་ཤིག་གླེང་བ་ ནི། ༧རྒྱལ་དབང་པད་དཀར་འཆང་བ་རིམ་བྱོན་གྱིས་ཐུགས་བསྐྱེད་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་གཉེར་གཏད་རྣམས་ཀྱིས་རྡོ་རྗེའི་བཀའ་ལུང་། ལྷག་པར་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་ལྷ་མོའི་མཚོ་གཟིགས་སོགས་དགོངས་པ་རྩེ་ མཐུན་གྱིས་རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངེས་བརྙེད་བྱུང་མཚམས་ཕྱི་ལོ་ ༡༩༣༩ དགུང་གྲངས་བཞི་པའི་ཐོག་རང་གི་སྐྱོང་ ཡུལ་ལྷ་ལྡན་ཆོས་ཀྱི་ཞིང་སར་གདན་ཞུ་དང་འབྲེལ་གསེར་ཁྲི་མངའ་གསོལ་ཞུས་པ་དང་། ཕྱི་ལོ་ ༡༩༤༩ ལོའི་ནང་བོད་ཀྱི་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་དྲག་དཔུང་གིས་བཙན་གནོན་དཔུང་ འཇུག་བྱེད་འགོ་བཙུགས་ཏེ་བོད་ཀྱི་ཆབ་སྲིད་གནས་བབ་ཛ་དྲག་ཉེན་ཆེར་གྱུར་སྟབས། ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ལྗོངས་ལྷ་སྡེ་མི་སྡེ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་༸གོང་ས་ ཆེན་པོ་མཆོག་ནས་ཆབ་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བསྐྱེད་བཞེས་ཡོང་བའི་གསོལ་ བ་ཕུར་ཚུགས་སུ་བཏབ་པ་བཞིན་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་ཐུགས་འཇིགས་ ཞུམ་བག་ཚ་གང་ཡང་མེད་པར་ཐུགས་འགན་བདག་གིར་བཞེས་འཕྲལ་བོད་ལྗོངས་རང་དབང་རང་ བཙན་གནས་བབ་སྔ་སོར་ཚུད་ཐབས་སུ་རྒྱ་གཞུང་རང་ལ་མེས་འཚིགས་མེར་བཏུགས་ཀྱིས་ཐབས་ ཤེས་བསྟུན་མཁས་གནང་འབྲས་འཕྲལ་སྒང་བོད་མི་རྣམས་མི་བསད་ཁྲག་སྱོར་ལས་སྐྱོབ་ ཐུབ་པ་བྱུང་ཡོད།

རིགས་ཀྱི་ཅོད་པཌྷ་དུ་མའི་དྲུང་ནས་ཐུན་མོང་མ་ཡིན་པའི་རིག་གནས་སྤྱི་དང་། ལྷག་པར་གཞུང་ཆེན་ཀ་པོད་ལྔ་ལ་གསན་བསམ་སློབ་གཉེར་མཐར་སོན་ཏེ་མཁས་མང་འདུས་པ་ རྒྱ་མཚོའི་དབུས་སུ་གྲ་བསྐོར་དམ་བཞེས་དང་འབྲེལ་དགེ་བཤེས་ལྷ་རམ་པའི་མཚན་གནས་ བཞེས་ཏེ་གངས་ཅན་མཁས་པའི་གཙུག་ཏུ་བཀུར།

ཕྱོགས་མཚུངས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་བོད་ཀྱི་ཆབ་ སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅི་རང་དབང་མང་གཙོར་གྱུར་ཐབས་དང་། བུན་རྙིང་ཁག་རྩ་ཆག་གནང་བས་མཚོན་ཆབ་འབངས་རྣམས་བདེ་ཐབས་འཚོ་གཟིགས་སོགས་དུས་ བསྟུན་ལེགས་ཆའི་སྒྱུར་བཀོད་ཕྱག་བཞེས་མཛད་ཅིང་། འོན་ཀྱང་སྐབས་དེར་རྒྱ་དམར་གྱི་དབང་ཤུགས་ཤོག་བུར་སྣུམ་ཁྱབ་བཞིན་བོད་ས་ཡོངས་ རྫོགས་བཙན་འོག་ཏུ་ཚུད་ཟིན་སྟབས་ཐུགས་བཞེད་ལྟར་ཕྱག་བཞེས་ཐུབ་པ་མ་བྱུང་མུར། ༡༩༥༩ ལོའི་ནང་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་ མཐུ་མེད་བྱུང་བ་དང་། རིང་པོ་མ་ཐོག་པར་བོད་ལྗོངས་རང་དབང་སླར་གཙོའི་ལས་ཐབས་བཙན་བྱོལ་བོད་གཞུང་གི་ བཀོད་སྒྲིག་གསར་དུ་གཏན་འབེབས་ཀྱིས་གང་གི་ཕེབས་རྗེས་སུ་བསྙེགས་འབྱོར་བོད་མི་ སྐྱབས་བཅོལ་བའི་ཁོངས་རྒན་གྲས་རྣམས་སོ་ནམ་ཞིང་ལས་དང་ལག་ཤེས་བཟོ་གྲ་ཁག་ལ་རིམ་ བཏང་དང་། བོད་ཕྲུག་ན་གཞོན་རྣམས་ལ་མ་འོངས་བོད་ཀྱི་གསོན་རྩར་ཐུགས་རེས་མི་རིགས་རང་ཉིད་ ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཙོ་གྱུར་ཐོག དེང་རབས་རིག་གསར་གྱི་ཤེས་ཡོན་ཟུང་དུ་འབྲེལ་བའི་བོད་ཕྲུག་ཁེར་གཙང་གི་གཏན་ ཉིན་སློབ་གྲྭ་ཁག་རིམ་འཛུགས། ལྷག་པར་བོད་མིའི་ཆབ་སྲིད་རང་བཞིན་ མང་གཙོ་ཅན་དུ་འགྱུར་རྒྱུའི་དགོངས་བཞེས་སྔོན་ཡོད་ལྟར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་བཏོད་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་བསྐྱངས་པ་མ་ཟད། དེ་རྗེས་སྤྱི་འཐུས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གྲུབ་ཆ་རྒྱ་བསྐྱེད་དང་སྦྲགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གསལ་ བསྒྲགས་དང་། རང་གཞུང་འཕྲིན་ལས་ཀྱི་བྱེད་པོ་བཀའ་ཤག་ལྷན་ཚོགས་འདེམས་བསྐོ་གནང་ཕྱོགས་སོགས་ སྐོར་ལེགས་ཆའི་སྒྱུར་བཀོད་རིམ་པར་མཛད་སྟབས་དེང་སྐབས་བོད་མིའི་མང་གཙོ་མཚན་ ཉིད་ཚང་ཞིང། ཡར་རྒྱས་མདུན་བསྐྱོད་ཀྱིས་ཀུན་གྱི་བསྔགས་ཡུལ་ཞིག་བྱུང་ཡོད།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་མཚོན་ནའང་། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་གནས་སྟངས་གསལ་རྟོགས་སླད་འཚམས་གཟིགས་སྐུ་ཚབ་ དང་། རྒྱ་ནག་ཏུ་ཆེས་མཐོའི་སྐུ་ཚབ་སྔ་རྗེས་ཆེད་གཉེར་བསྐྱངས་པ་མ་ཟད། ཨ་རིར་ཞི་བའི་གྲོས་མོལ་དོན་ཚན་ལྔ་དང་། སི་ཊསི་སྦག་གསུང་བཤད་བཅས་བསྩལ་ཏེ་གྲོས་མོལ་འགོ་འཛུགས་ཐུབ་ཐབས་དགོངས་བཞེས་ གནང་ཡོད་ཅིང་། དེ་ནས་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་དཀའ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ཆིབས་ བསྒྱུར་བསྐྱངས་ཏེ་སྤྱིར་བོད་དོན་བདེན་མཐའ་གསལ་ཐབས་སྐོར་བདེན་རྒྱབ་རོགས་ མགོན་ཡོང་བའི་ཆབ་སྲིད་དབུ་ཁྲིད་རྣམས་ལ་བཀའ་མོལ་ཞུ་བསྐུལ་དང་། རྒྱལ་སྤྱིའི་མང་ཚོགས་ལ་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པས་ལེགས་པར་གསུངས་པ་དམ་ པའི་ཆོས་ཀྱི་དགོངས་དོན་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ལམ་སྟོན་བཀའ་སློབ་གནང་བ་སོགས་རྨད་དུ་ བྱུང་བའི་མཛད་རྗེས་རྣམས་ལ་ཡིད་དབང་འཕྲོགས་ཏེ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཐོག འཛམ་གླིང་ཆབ་སྲིད་བབ་སྟེགས་སྟེང་བོད་ཀྱི་གནད་དོན་སུས་ཀྱང་བརྩི་མེད་རྡོག་ རོལ་གཏོང་ཐབས་མེད་པའི་གནས་བབ་གལ་ཆེ་ཞིག་ཆགས་ཡོད།

མདོར་ན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཁོ་ ནར་བརྟེན་ནས་ད་ལྟའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་སྲ་ཚུགས་དང་། རང་བཙན་རྒྱལ་ཁབ་སྤྱི་མཚུངས་ལྟར་མང་གཙོའི་ཆ་རྐྱེན་ཚང་འཛོམས་ཐོག་མང་གཙོའི་ཁེ་ དབང་ཁག་ལ་ལོངས་སུ་སྤྱོད་བཞིན་པ། མང་ཚོགས་ཀྱི་ཤེས་ཡོན་གྱིས་གཙོས་འཚོ་གོས་གནས་སྟངས་གང་ཅི་ཡར་རྒྱས་འབུར་ཐོན་ གྱིས་སྐྱབས་བཅོལ་བ་གཞན་ལས་ལྷག་པའི་ཀུན་གྱི་བསྔགས་ཡུལ་ཞིག་ཆགས་ཡོད་པར་བརྟེན་ ༸གོང་ས་མཆོག་གི་སྐུ་དྲིན་རྣམས་ད་རེས་དམིགས་བསལ་ཡིད་ལ་དྲན་བཞིན་ཅི་གསུང་བཀའ་ བསྒྲུབ་ཞུ་རྒྱུ་ནི་འཁྲུངས་སྐར་གྱི་འབུལ་མཚོན་དམ་པ་ཞིག་ཡིན་པས་ཚང་མས་དགོངས་ འཇགས་གནང་རོགས་ཞུ་རྒྱུ་ཡིན།

ད་རེས་གོ་སྐབས་འདི་བརྒྱུད་ནས་མང་ཚོགས་ལ་ཞུ་རྒྱུའི་གནད་དོན་གཅིག་ནི། བཙན་བྱོལ་བོད་མིའི་ཆབ་སྲིད་རང་བཞིན་རང་དབང་དྲང་བདེན་དང་། མང་གཙོར་འགྱུར་ཐབས་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་སྔ་རྗེས་རིམ་ཅན་གྱུར་ཏེ་ མདོ་དོན་ཁྲིམས་ཀྱིས་དབང་བསྒྱུར་འོག་བསྐྱོད་བཞིན་པ་དང་། ཁྲིམས་ཀྱིས་དབང་བསྒྱུར་འདི་དག་དམིགས་ཡུལ་ལྟར་མཐའ་འཁྱོངས་ཡོང་ཆེད་རང་ཅག་བོད་ ཀྱི་ཡུལ་མི་ཡོངས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ ཡིག་ཆ་ཁག་ལ་སྙིང་ནས་སྲུང་བརྩི་དང་འབྲེལ་དེ་དག་ལ་སློབ་སྦྱོང་དོན་གཉེར་ལེགས་ པར་གནང་སྟེ་གཞུང་གི་ཕྱག་ལས་གནང་ཕྱོགས་གང་ཅིར་ཁྲིམས་མཐུན་ལེགས་ལམ་དུ་འགྲོ་ གི་ཡོད་མེད་མང་ཚོགས་ཀྱིས་བྱ་ར་སྟངས་འཛིན་ཐུབ་པ་ངེས་པར་གནང་དགོས།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་ བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། སྤྱི་འཐུས་ལྷན་ཚོཌ་ཀྱིས་ ༢༠༠༢ ཟླ་ ༧ ཚེས་ ༦ ལ།