མང་གཙོའི་དུས་ཆེན་མི་ལོ་ ༥༠ ཧྲིལ་པོ་

༄༅། །བོད་ལྗོངས་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གསུང་བཤད།

 

༄༅། །དེ་རིང་རྒྱ་གར་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ འདིར་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་ བསྐྱངས་པའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག རང་རེའི་རིས་མེད་ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམ་པ་དང་། བླ་ཆེན་ཁག་གི་སྐུ་ཚབ་རྣམ་པས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག རང་དབང་ཅན་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བཀུར་འོས་ཕྱག་སྦྲེལ་སྤྱི་འཐུས་ལས་ཟུར་རྣམ་པ། གཞུང་ཞབས་ཆེ་ཕྲ། ཕྱིའི་ཡུལ་གྲུ་ཁག་ནས་དམིགས་བསལ་སྐུ་མགྲོན་གདན་ཞུ་བྱས་པའི་བཀུར་འོས་དབུས་ སའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམ་པ། ད་ལམ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ལས་ཀྱི་སྣེ་མོ་བ་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཛིན་རྣམ་པ། སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་རྣམ་པ། གཞན་ཡང་འདིར་འདུས་རྒྱ་ཆེའི་མང་ཚོགས་དང་། སློབ་ཕྲུག་རྣམ་པ་བཅས་ལ་གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་ མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་བཙན་བྱོལ་དུ་འབྱོར་མ་ཐག་ བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་བཞེས་རླབས་ཆེན་གྱིས་ལམ་སྟོན་ཟབ་མོ་ ཇི་ཕེབས་ལྟར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། དྲང་བདེན། འདྲ་མཉམ་བཅས་ཀྱི་གཞི་རྩ་ལྡན་པའི་མང་གཙོར་འགྱུར་སླད་མང་ཚོགས་ནས་འོས་འདེམས་ ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པའི་ཉིན་མོ་དེ་ནས་བཟུང་བོད་ལྗོངས་མང་གཙོའི་ལམ་བཟང་ དབུ་བརྙེས་ཤིང་།

 

ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་གཞུང་འབྲེལ་སྲུང་བརྩི་ཞུ་འགོ་ཚུགས་པ་ནས་ད་བར་དུས་དྲན་ མཛད་སྒོ་ཚང་མ་བཞུགས་སྒར་རྡ་རམ་ས་ལར་སྲུང་བརྩི་ཞུས་པ་དང་། ད་རེས་མང་གཙོའི་དུས་དྲན་ཐེངས་ ༥༠ ཐམ་པ་འདི་བོད་མི་འདུ་སྡོད་ས་གནས་མི་འབོར་ཆེ་བ་སྦེལ་ཀོབ་ཏུ་འཚུགས་ཐུབ་པ་འདི་ གཟི་བརྗིད་ཀྱི་རང་བཞིན་ཏེ། དེ་ཡང་ཉིན་དྲུག་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ཞུ་ སྒོའི་ལས་རིམ་ཁྱད་པར་བ་གཉིས་ཀྱི་རྗེས་སུ་ཚུགས་ཏེ་མཛད་སྒོའི་གཙོ་མགོན་དུ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་༸ཞབས་ཀྱི་པལྨོ་རྣམ་པར་ བཀོད་པར་གུས་འབངས་ཡོངས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ས་གནས་མི་འབོར་ཆེ་སར་ཚོགས་དགོས་དོན་གཙོ་བོ་མང་ཚོགས་ནང་མང་གཙོའི་འཕེལ་རིམ་ ཐོག་ཐུགས་སྣང་ཆེ་ཙམ་ཡོང་ཕྱིར་ཡིན་པས་དམིགས་ཡུལ་གཞིར་བཟུང་ཡོང་བའི་རེ་བ་ཞུ་ བཞིན་ཡོད།

 

ཕྱོགས་གཅིག་ནས་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བ་དང་། མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་དགའ་སྤོབས་འོས་པ་ཞིག་ ཡིན་རུང་། ཕྱོགས་གཞན་ཞིག་ནས་ད་བར་རྒྱ་ནག་འགོ་ཁྲིད་ཚོས་ཁེངས་དྲེགས་མཁྲེགས་བཟུང་འོག་ བོད་ནང་གི་བོད་མི་ཚོ་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་གནས་སྟངས་དང་། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་རང་རེ་རྣམས་བཙན་བྱོལ་དུ་མུ་མཐུད་གནས་ཏེ་ ལོ་ངོ་ ༥༡ ལྷག་འགྲོ་བཞིན་ཡོད་པའི་ཡིད་སེམས་སྐྱོ་བའི་དུས་སྐབས་ཤིག་ཀྱང་ཡིན།

 

ཚང་མས་མཁྱེན་གསལ་ལྟར་མང་གཙོ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཕལ་མོ་ཆེའི་ ལོ་རྒྱུས་ནང་མིའི་ལུས་སྲོག་བློས་བཏང་གིས་འཐབ་རྩོད་བྱས་ཏེ་མང་གཙོ་ལོངས་སུ་ སྤྱོད་ཀྱི་ཡོད་པ་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་རྒྱུར་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་འབྱོར་འཕྲལ་ལམ་སྟོན་ དབུ་འཁྲིད་མཛད་སྐབས་མི་མང་གིས་འདོད་བབ་དེ་ཙམ་མེད་རུང་། བོད་མི་རྣམས་མང་གཙོའི་ལམ་བཟང་དུ་འཇུག་གནང་མཛད་པ་འདི་ལྟ་བུ་འཛམ་གླིང་གི་ལོ་ རྒྱུས་ནང་ཧ་ཅང་མཐོང་དཀོན་པོ་ཡིན། ༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་དེ་སྔའི་བོད་ཀྱི་ ཆབ་སྲིད་ལམ་ལུགས་ལ་དེང་རབས་དང་མཐུན་པའི་བསྒྱུར་བཀོད་དགོས་ངེས་ཡིན་པའི་ དགོངས་གཞི་བོད་ས་མ་ཤོར་གོང་ནས་ཡོད་ནའང་། དེའི་སྐབས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཀྱི་རྐྱེན་པས་ལམ་ལྷོངས་སུ་ཕྱིན་མེད།

 

བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་ འཛུགས་གསར་འཛུགས་གནང་བ་དང་། དེ་ཡང་འཕྲལ་ཕུགས་ཀྱི་དགོངས་པ་རྒྱ་ཆེ་བཞེས་ཐོག་བོད་མདོ་དབུས་ཁམས་གསུམ་དང་། ཆོས་བརྒྱུད་ཀྱི་སྐུ་ཚབ་བཅས་པའི་དེང་རབས་འཛམ་གླིང་གི་མང་གཙོའི་འགྲོ་ལུགས་དང་ མཐུན་ཞིང་། བོད་ཀྱི་སྔར་སྲོལ་བཟང་པོ་རྣམས་ཟུང་དུ་འབྲེལ་ཏེེ་བོད་ཀྱི་རྩ་ཁྲིམས་རིན་པོ་ ཆེའི་ཟིན་བྲིས་ཤིག་ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་གསལ་བསྒྲགས་བསྐྱངས་པ་དང་། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་རྩ་ཁྲིམས་རིན་པོ་ཆེ་དངོས་སུ་གསལ་བསྒྲགས་བསྐྱངས་ཏེ་བོད་བསྟན་སྲིད་སྐྱེ་ འགྲོའི་འཕྲལ་ཕུགས་བདེ་རྩའི་ཆེད་རྨང་གཞི་སྲ་བརྟན་ཞིག་འཛུགས་གནང་མཛད་ཡོད།དེ་ སྔ་རང་རེ་ཕལ་མོ་ཆེར་མང་གཙོའི་ཤེས་ཡོན་དང་གོ་རྟོགས་དེ་ཙམ་མེད་ཁར་འཚོ་བའི་ དཀའ་ངལ་ཡང་ཇི་སྙེད་ཅིག་འཕྲད་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་སྐུ་དབང་ལ་དོ་ཕོག་འགྲོ་གཞིར་བསམ་ནས་ཐོག་མའི་མི་ ལོ་ ༣༠ ཙམ་རིང་༸གོང་ས་མཆོག་གི་དགོངས་གཞི་ལྟར་བསྐྱོད་ཐུབ་མེད། ཡིན་ནའང་མི་ལོ་ ༣༠ དེའི་རིང་༸གོང་ས་མཆོག་གིས་ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་བྱེད་པ་ལས་ལྷག་ཙམ་ གྱིས་དུས་དང་རྣམ་པ་ཀུན་ཏུ་མང་གཙོའི་སྐོར་སྤྱི་དང་། བྱེ་བྲག་ཏུ་བཀའ་ཤག་གི་བྱེད་སྒོ་དང་། ཁྲིམས་ལུགས་དབང་འཛིན་གྱི་དགོས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན། སྲི་ཞུའི་ལས་བྱེད་རྣམས་ཀྱི་འགན་འཁུར། བོད་མིའི་ཆོས་དང་རིག་གཞུང་། ཤེས་ཡོན། དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་བཅས་དང་། སྐབས་དུས་སོ་སོའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སོགས་སྐོར་ཐུགས་བརྩེ་བ་ཆེན་ པོས་ལམ་སྟོན་དང་དགེ་སྐྱོན་ཡོ་བསྲང་གི་བཀའ་སློབ་ཟམ་མ་ཆད་པར་སྩལ་བ་དང་། སྐབས་འགར་བོད་མིའི་སྤྱི་ཚོགས་ནང་ཆོས་བརྒྱུད་ཆོལ་ཁ་དང་ལུང་ཚན་དབར་ནང་ཁུལ་མ་ མཐུན་པ་ལ་སོགས་པའི་རྙོག་ཁྲ་ཆུང་ཚགས་རིགས་ཀྱི་ནང་དུའང་ཐད་ཞུགས་འདུམ་འགྲིག་ མཛད་པ་བཅས་སྐུ་ངལ་ཁྱད་བསད་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་གནང་བར་བརྟེན་ ནས་རིམ་པས་བཀའ་དགོངས་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ གཏན་འབེབས། བཀའ་བློན་བསྐོ་གཞག་གནང་ཕྱོགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ ཚོགས་སུ་བསྒྱུར་གནང་མཛད་པ་དང་། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པ་སོགས་མང་གཙོའི་ལམ་སྲོལ་ལ་ བོད་མིའི་ལོ་རྒྱུས་ནང་སྔར་མ་གྲགས་པའི་མདུན་མཆོངས་ཆེན་པོ་ཞིག་རྒྱབ་ཐུབ་པ་ བྱུང་བ། ད་ལྟའི་བོད་རྒྱ་འབྲེལ་མོལ་ཐོག་འཛིན་པའི་སྲིད་བྱུས་དེ་ཡང་མང་གཙོའི་ལམ་སྲོལ་ དང་མཐུན་པའི་བརྒྱུད་རིམ་ཚད་ལྡན་གྱི་ཐོག་ནས་གཏན་འབེབས་གནང་ཡོད། མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དེས་ད་ལྟ་རྒྱ་ནག་ གཞུང་གིས་འཛམ་གླིང་མི་མང་མགོ་བོ་རྨོངས་བྱེད་དུ་ཏཱ་ལའི་བླ་མས་བཀས་བཀོད་ བརྒྱུད་འཛིན་ཞིང་ཕྲན་ལམ་ལུགས་བསྐྱར་གསོ་བྱེད་ཚུལ་སྒྲོགས་བཞིན་པ་དེ་ནི་རྦད་ དེ་གཡོ་རྫུས་ཀྱི་གཏམ་འབའ་ཞིག་ཡིན་པའི་རྫུན་རྐུབ་གསལ་པོར་བརྡོལ་ཡོད། མདོར་ན་ཡར་རྒྱས་ཀྱི་རྣམ་པ་དེ་ཐམས་ཅད་ནི་མགོན་པོ་གང་ཉིིད་ཀྱི་བཀྲིན་ཉག་ཅིག་ ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཅིང་། ད་དུང་ཡང་ང་ཚོས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཆ་ཚང་བ་ཞིག་བསྒྲུབ་ཐབས་ལ་ འབད་རྩོལ་མུ་མཐུད་གནང་དགོས།

 

འདས་པའི་མི་ལོ་ ༥༠ ཐམ་པའི་རིང་དཀའ་ངལ་གནས་སྟངས་འདྲ་མིན་བྱུང་ཡོད་ནའང་༸གོང་ས་མཆོག་གི་ཐབས་མཁས་ ཐུགས་རྗེའི་མཛད་འཕྲིན་གཙོ་བོར་གྱུར་པའི་འདས་པའི་ལས་ཀྱི་སྣེ་མོ་བ་མང་པོ་ཞིག་ གི་བཀའ་དྲིན་ལ་བརྟེན་ནས་མང་གཙོའི་ལམ་སྲོལ་ལ་མཁོ་བའི་སྒྲིག་འཛུགས་དགོས་ངེས་ ཆ་ཚང་བ་འཛུགས་ཐུབ་ཡོད་པ་དང་། བཙན་བྱོལ་གྱི་གནས་སྟངས་དང་འཚམས་པའི་ཁྲིམས་སྒྲིག་ཁག་གཏན་འབེབས་བྱེད་ཐུབ་པ་ བྱུང་ཡོད་པ་བཞིན་མ་འོངས་པར་ང་རང་ཚོའི་ངོས་ནས་མ་འཆུག་པ་ཞིག་བྱ་ཐུབ་ཚེ་མང་ གཙོའི་གཞི་རྩ་ཆ་ལག་ཚང་བ་ཞིག་གྲུབ་ཐུབ་པ་བྱུང་ཡོད། བོད་པར་དོ་སྣང་དང་དགའ་མོས་རྒྱབ་སྐྱོར་བཅས་བྱེད་མཁན་གྱི་ཕྱིའི་མི་རིགས་ཁག་ མང་ནས་ཀྱང་ང་རང་ཚོའི་སྒྲིག་འཛུགས་འདིར་བསྔགས་བརྗོད་དང་འབྲེལ་འཛམ་གླིང་ནང་ བཙན་བྱོལ་བའི་སྒྲིག་འཛུགས་གཞན་ཇི་སྙེད་ཡོད་པ་རྣམས་དང་བསྡུར་ན་འདྲ་འདྲའི་ནང་ ནས་མི་འདྲ་བ་ཞིག་ལ་ངོས་འཛིན་གནང་གི་ཡོད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དངོས་ ཡོད་གནས་སྟངས་དང་བསྟུན་པའི་ལམ་སྟོན་འོག་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ནས་ བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཆབ་སྲིད་ཀྱི་བགྱི་སྒོ་སྤྱི་དང་། ལྷག་པར་དུ་ལས་ཁུངས་སོ་སོ་དང་འབྲེལ་བའི་ལས་དོན་ཞུ་སྒོ་ཅི་མཆིས་ཐུགས་ཁུར་ཆེ་ བསྐྱེད་གནང་མུས་དང་། ད་དུང་ཡང་མུ་མཐུད་ཕྱག་ལེན་མཇུག་སྐྱོང་དགོས་པ་དཔེར་ན། ཆོས་དོན་ལྷན་ཚོགས་འཛུགས་རྒྱུ་དང་། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་ཁག་ཚགས་ཚུད། བོད་མི་རིགས་གཅིག་རྐང་འཛིན་པ་གང་མང་ཐོན་ཐབས། དཔལ་འབྱོར་རང་ཁ་རང་གསོ་ཡོང་ཐབས། རྒྱལ་སྤྱིའི་ནང་བོད་དོན་ཁྱབ་སྤེལ་ཆེ་རུ་གཏོང་ཐབས་སོགས་ལས་དོན་ཁག་ལ་ཤུགས་ ནུས་འདོན་གནང་དགོས་པ་དང་། དེའི་ཐད་བོད་མི་གོང་འོག་བར་གསུམ་ཚང་མའི་ནུས་པའང་མཉམ་འབུངས་ཐུབ་པ་བྱ་རྒྱུ་ གལ་ཆེར་མངོན། ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་གྱི་ལས་དོན་ཇི་འདྲ་ཞིག་སྒྲུབ་དགོས་ན་ཡང་། དཔལ་འབྱོར་གྱི་རྒྱབ་བརྟེན་མེད་དུ་མི་རུང་བ་ཡིན་སྟབས། བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཇི་ཙམ་ཕྱིན་པ་དེ་ཙམ་དུ་ གཞུང་གི་འགྲོ་གྲོན་ལའང་མཐུན་སྐྱོར་བྱ་རྒྱུའང་ཤིན་ཏུ་གལ་ཆེ། དཔེར་ན་ཕྱི་ལོ་ ༡༩༧༠ ནང་བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་ཧིན་སྒོར་འབུམ་ ༥ ཙམ་གྱིས་འདང་གི་ཡོད་ནའང་། ད་ལྟའི་ཆར་དངུལ་གྱི་ཛ་ཐང་ཆུང་དུ་ཕྱིན་པ་དང་གཞུང་གི་ལས་དོན་གཞི་རྒྱ་ཆེ་རུ་ སོང་སྟབས་ལོ་འཁོར་གཅིག་ནང་རྒྱུན་གྲོན་དང་དམིགས་བསལ་ལ་ཧིན་སྒོར་འབུམ་ ༤༠༠༠ ཙམ་འགྲོ་སོང་བྱེད་ཐོག་དམིགས་བཀར་ནང་སྤྱི་ཚོགས་བདེ་དོན་གྱི་འགྲོ་སོང་ཧིན་ སྒོར་འབུམ་ ༦༠༠༠ ནས་ ༧༠༠༠ བར་ལོ་ལྟར་འགྲོ་གི་ཡོད་པ་ནས་བོད་མི་རང་གིས་དེ་ལ་སྨན་པའི་ཧིན་སྒོར་འབུམ་ ༨༠༠ ཙམ་ལས་བསྡུ་ཐུབ་ཀྱི་མེད་པ་དངོས་ཡོད་གནས་སྟངས་རེད། སྔོན་མ་ནས་རྩིས་ན་ཡར་རྒྱས་གང་ཙམ་ཕྱིན་པ་རེད་དེ། ད་དུང་ཡང་འདིའི་ཐོག་ཤུགས་བརྒྱབ་དགོས་ཀྱི་འདུག རོགས་སྐྱོར་དགོས་ངེས་ཀྱི་ཉམ་ཐག་རྣམས་ལ་བོད་གཞུང་ནས་རོགས་སྐྱོར་གནང་མུས་ཡིན། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་གཞུང་ལ་དགོས་དངུལ་འགྲིག་ཙམ་ཡོང་གི་ཡོད་ རུང་མ་འོངས་ཕུགས་རྒྱངས་རིང་པོར་བསམ་གཞིགས་གནང་རྒྱུ་ཤིན་ཏུ་གལ་ཆེ། ལྷག་པར་དུ་བོད་རིགས་འབྱོར་ལྡན་ཞིག་གིས་བོད་རིགས་དབུལ་པོ་ཞིག་ལ་རོགས་ཕན་ བྱེད་ཐུབ་ན་དོན་དམ་གྱི་གཟི་བརྗིད་རེད།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་མི་རེ་ངོ་རེའི་ངོས་ནས་ས་ གནས་ས་བགོས་བྱས་ཡོད་པ་ལྟར། སོ་སོའི་ཁྱབ་ཁོངས་གཞིས་ཆགས་ཁག་སོགས་ཀྱི་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་ གསོས་མཚོན་པའི་མང་གཙོའི་ལེགས་བྱང་གོང་འཕེལ་གཏོང་བར་འབད་བརྩོན་གནང་དགོས་འདུག ལྷག་པར་དུ་གཞི་རིམ་གྱི་མང་གཙོའི་ཁེ་དབང་མང་ཚོགས་ནས་དངོས་སུ་ལོངས་སྤྱོད་ཆེད་ ས་གནས་འཐུས་ཚོགས་ཁག་གི་ལས་དོན་ཚགས་ཚུད་གཏོང་རྒྱུ་གལ་ཆེན་པོ་འདུག ང་ཚོའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་ཡུལ་གྱི་ས་གནས་སྦེལ་ཀོབ་དང་མི་འབོར་ ཆེ་སའི་ས་གནས་ཁག་གཅིག་ལ་ས་གནས་འཐུས་ཚོགས་འཛུགས་མ་ཐུབ་པར་གནས་ཡོད་པས་ས་གནས་ དེ་དག་ཏུ་ས་གནས་འཐུས་ཚོགས་འཛུགས་ཐུབ་པ་བྱ་རྒྱུ་དང་། དེ་བཞིན་ས་གནས་འགོ་འཛིན་ས་གནས་རང་ཁོངས་ནས་འོས་འདེམས་བྱས་པ་ཆེས་ཉུང་བར་ བརྟེན་བཅའ་ཁྲིམས་དགོངས་དོན་ལག་བསྟར་ཐུབ་པ་བྱ་གལ་ཆེ། ས་གནས་འཐུས་ཚོགས་ཚུགས་ཟིན་པའི་ས་གནས་ཁག་ ༣༦ ནང་ལས་དོན་ཚགས་ཚུད་ཡོད་མིན་གནས་སྟངས་ཅི་རིགས་ཡོད་ནའང་ས་གནས་མང་ཆེ་བས་འགན་ འཁུར་ཆེ་བསྐྱེད་དང་འབྲེལ་འབད་བརྩོན་གནང་མུས་ཡིན།

 

དེ་བཞིན་དེང་གི་ཆར་བོད་མི་མང་པོ་ཞིག་འཚོ་བའི་མདུན་ལམ་གྱི་ཆེད་དུ་ནུབ་ ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་བཞིན་ཡོད་པ་དང་། རོབ་རྩིས་བྱས་ན་བོད་མི་སུམ་ཁྲི་ལས་བརྒལ་བ་ཞིག་ཡུ་རོབ་དང་བྱང་ཨ་རི་ཁུལ་ སླེབས་བསྡད་འདུག ད་དུང་ཡང་མང་དུ་འགྲོ་ངེས་ཡིན་པ་གདོན་མི་ཟ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོར་རྒྱ་བལ་འབྲུག་གསུམ་དང་མི་འདྲ་བ་འདུ་ སྡོད་ས་གནས་གཅིག་ཏུ་མེད་པས་བོད་མི་དེ་དག་བཙན་བྱོལ་གཞུང་དང་སེམས་ཐག་ཉེ་བོ་ ཡོང་བ་བཟོ་རྒྱུའི་བཙན་བྱོལ་བོད་གཞུང་ལ་གདོང་ལེན་གནང་རྒྱུའི་ལས་འགན་གསར་པ་ ཞིག་ཆགས་ཡོད། ཡིན་ནའང་ས་གནས་དེ་ཚོའི་ནང་མི་མང་གི་མོས་འདེམས་བྱས་པའི་བོད་རིགས་ཚོགས་པའམ་ བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ལས་དོན་གང་འཚམས་ལེགས་པོ་སྒྲུབ་བཞིན་འདུག་ པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། མ་འོངས་པར་བོད་རིགས་ཚོགས་པ་རྣམས་ཀྱི་ལས་འགན་སྔར་བས་གལ་འགངས་ཆེ་རུ་འགྲོ་ རྒྱུ་ཡིན་པ་སྨོས་མེད་ཡིན་ཅིང་། དེ་ལུགས་ཀྱིས་ད་ལྟ་ནས་དགོངས་པ་བཞེས་དགོས།

 

ས་གནས་སོ་སོར་མི་མང་གིས་འོས་འདེམས་བྱས་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་ དང་། རང་བདེན་ཚོགས་ཆུང་གི་ཚོགས་མི། མཉམ་སྦྲེལ་ཚོགས་མི། སྤྱི་མི་བརྒྱ་དཔོན། ཕྱི་རྒྱལ་ཁག་ཏུ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ བཅས་ཚང་མས་ང་ཚོའི་མང་གཙོ་འཕེལ་རིམ་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། ཁོང་རྣམ་པར་གླ་ཕོགས་སོགས་མཐུན་རྐྱེན་འདོད་བློ་ཁེངས་པ་གང་ཡང་མེད་ཀྱང་སྤྱི་ དོན་ཐོག་དུས་ཚོད་གང་ཙམ་གཏོང་དགོས་ཐོག་མི་མང་གི་ཁ་བརྡུང་བཟེད་དགོས་པ་སོགས་ དཀའ་ངལ་ཇི་སྙེད་ཅིག་ཡོད་ནའང་། ད་དུང་མུ་མཐུད་ཧུར་བརྩོན་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་གནང་རོགས་གནང་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

 

གཞུང་ཞབས་ལས་བྱེད་པའི་ངོས་ནས་ད་བར་ཧུར་བསྐྱེད་གནང་མུས་ཡིན་པ་དང་། ལྷག་པར་ཕྱག་ལས་བརྟན་པོ་རྒྱུན་འཁྱོངས་གནང་མཁན་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཡིན་ནའང་ཉེ་བའི་ཆར་གངས་ཅན་སྐྱིད་གཤོངས་འདི་མཐོ་སློབ་ལྟ་བུ་ཆགས་ཏེ་ཐོག་མ་ གཞུང་ཞབས་སུ་འཛུལ་མཁན་ཚང་ཁ་ཤིག་ཤིག་བྱས་ནས་ཡོང་བ་དང་། ལོ་གཉིས་གསུམ་ཉམས་མྱོང་གསོག་ས་ལྟ་བུ་བྱས་ཏེ་དཔེར་ན་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ལས་བྱེད་གསར་པ་འཛུལ་མཁན་མི་གྲངས་ ༣༡༢ ནས་དགོངས་པ་ཞུ་མཁན་ ༡༤༤ བྱུང་འདུག་པ་དགོངས་པ་ཞུ་མཁན་སྤྱིའི་བརྒྱ་ཆ་ ༤༦་༡༥ ཆགས་ཀྱི་འདུག གཞུང་ཞབས་ནང་འཛུལ་མཁན་ཚོ་ཐོག་མ་ནས་ལོ་གང་འཚམས་ཤིག་ཞབས་ཕྱི་ཞུ་ཐུབ་མཁན་རིགས་ འཛུལ་ཞུགས་བྱས་ན་ལེགས། ལས་བྱེད་ཅིག་གིས་ཉམས་མྱོང་གང་ཙམ་བསགས་ཏེ་རེ་བ་བསྐྱོན་པའི་དུས་སྐབས་སུ་ དགོངས་ཞུས་ཀྱིས་ཕྱིར་ཐོན་འགྲོ་བ་ཧ་ཅང་ཕངས་པོ་རེད། དེ་ལས་གཞུང་ཞབས་སུ་རྒྱུན་མཐུད་ནས་བཞུགས་འདོད་ཡོད་མཁན་རྣམས་ལ་གོ་སྐབས་སྤྲད་ ན་ཕུགས་ཕན་དགེ་མཚན་ཆེ་བ་ཡོང་རྒྱུ།

 

ད་ལྟའི་ཆར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་འདེམས་བསྐོ་བྱེད་སྟངས་ སོགས་སོ་སོའི་གནས་ཚད་འགྲན་བསྡུར་གྱི་ལམ་ནས་བསྐོ་གཞག་ཡོང་གི་ཡོད་པ་ལས་ལྟག་ སྒོ་བརྒྱུད་ས་སོགས་མེད་པ་དང་། གཞུང་གི་ལས་བྱེད་པ་དང་སྤྱི་པའི་ལས་ཀྱི་སྣེ་མོ་བས་གཞུང་དངུལ་སྒེར་ཟོས་བྱས་ པའི་གནས་ཚུལ་ཇེ་ཉུང་གིས་མེད་པར་འགྱུར་བཞིན་པའི་གནས་སྟངས་བཟང་ཕྱོགས་སུ་འགྲོ་ བཞིན་ཡོད་པ་དགའ་སྤོབས་བྱེད་ཆོག་པ་ཡིན།

 

མང་གཙོའི་ལམ་ལུགས་ནང་གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་དང་གསར་འགོད་ བརྒྱུད་ལམ་ཁག་རང་དབང་གི་ཐོག་ནས་ལས་དོན་བྱེད་རྒྱུ་ཡོད་པ་དེ་ཡང་ང་ཚོའི་མང་ གཙོའི་རྒྱན་ཞིག་རེད།

 

མང་གཙོའི་སྒྲིག་འཛུགས་ནང་གི་ཁྲིམས་ལུགས་དབང་འཛིན་ཕུད་པའི་སྒྲིག་འཛུགས་ གལ་ཆེ་ཤོས་གཉིས་ཀྱི་འོས་བསྡུ་ཆེ་མོ་སླེབས་ལ་ཉེ་བའི་སྐབས་འདིར་སྤྱི་ཚོགས་ནང་ སྔར་དང་མི་འདྲ་བའི་བགྲོ་གླེང་དང་དོ་སྣང་ཡོང་བཞིན་ཡོད་ནའང་བཀའ་བློན་ཁྲི་པ་ དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆབ་སྲིད་ཀྱི་ འགན་ཁུར་རྐང་ལེན་པ་དང་། བཀའ་ཤག་ལྷན་ཚོགས་ཀྱི་འགོ་འདོམས་མཛད་པོ་དེ་ཡིན་པས་གཞན་ལས་ཁྱད་འཕགས་ཅན་གྱི་ སྐྱེ་བོ་ཞིག་དགོས་གལ་ཆེ་བས་གཞན་ཟེར་རྗེས་འབྲང་ཙམ་མིན་པར་རང་དོན་རང་གཅེས་དང་ རང་དབང་གི་ཐོག་ནས་རང་རང་སོ་སོའི་མངོན་འདོད་ལྟར་བསྒྲུབ་ཐུབ་མཁན་ཞིག་འོས་ འདེམས་བྱ་དགོས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ཡང་ཧ་ཅང་གལ་ འགངས་ཆེ་བའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན་སྤྱི་འཐུས་མི་རེ་ངོ་རེ་ཤེས་འཇོན་ གཉིས་ལྡན་ཐོག བོད་སྤྱིའི་དོན་དུ་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་གནང་མཁན་ཞེ་གཅིག་འདེམས་ཐུབ་ པ་ཡོང་ཆེད་ད་ལྟ་དབང་ཆ་མི་མང་རང་རང་སོ་སོའི་ལག་ཏུ་ཡོད་སྐབས་བེད་སྤྱོད་ངེས་ པར་གཏོང་གལ་ཆེ། མི་འགྲིག་མི་འཐུས་པའི་གླེང་རྩོད་ཇི་ཙམ་བྱས་ཀྱང་དངོས་སུ་འཐུས་མི་དྲག་འདེམས་ ཆེད་འོས་འཕེན་གྱི་གོ་སྐབས་མ་བླངས་ན་སྟོང་བཤད་ཙམ་ཆགས་རྒྱུ་རེད། དེར་བརྟེན་འོས་འཕེན་པའི་ཆ་རྐྱེན་ཚང་བའི་བཙན་བྱོལ་བོད་མིའི་ཁྱོན་ཡོངས་ནས་ འོས་བསྡུའི་ལས་རིམ་ནང་དངོས་སུ་མཉམ་ཞུགས་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་ རྒྱུ་བཅས།

 

མཐའ་དོན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་སྤྱི་དང་བྱེ་བྲག་གཞིས་བྱེས་བོད་མིའི་དབུ་ཁྲིད་བླ་ན་མེད་པ་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ལ།། །།