མང་གཙོའི་དུས་ཆེན་མི་ལོ་ 46 ཧྲིལ་པོ་

༄༅། །དེ་རིང་འདིར་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་ལོ་ངོ་ཞེ་དྲུག་འཁོར་ བའི་དུས་ཆེན་སྲུང་བརྩི་མཛད་སྒོར་ཕེབས་བཞུགས་གནང་བའི་སྐྱབས་གནས་དགེ་འདུན་ གྱི་སྡེ་རྣམས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ ལས་ཟུར་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་ཟུར་རྣམ་པ། དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག རང་དབང་ཅན་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བཀུར་འོས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ཆེ་ཕྲ། རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཛིན་རྣམ་པ། སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་དང་། སློབ་ཕྲུག་རྣམ་པ་བཅས་ལ་ཕྲན་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ལོ་ རྒྱུས་ཀྱི་དོན་སྙིང་ལྡན་ཞིང་གཟི་བརྗིད་ཅན་གྱི་ཉིན་མོ་འདིར་དགའ་སེམས་འཁོལ་ བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ བཞིན་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔོན་ གྱི་ཐུགས་བསྐྱེད་དམ་བཅའི་གོ་ཆ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༠ཚེས་ ༡༧ ཉིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བསྐྱེད་བཞེས་མཛད་པ་ དང་དུས་མཚུངས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅི་དེང་དུས་རང་ དབང་མང་གཙོའི་ལམ་བཟང་དང་མཐུན་པ་ཡོང་ཐབས་སྒྱུར་བཀོད་དང་། སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་འཛུགས་ཀྱིས་བོད་ཀྱི་སྔར་སྲོལ་ལམ་ལུགས་ རྙིང་པ་ཁག་ལ་དུས་བསྟུན་བསྐྱར་ཞིབ་ལེགས་བཅོས་སྒོ་གང་ས་ནས་ཕྱག་བཞེས་འགོ་ འཛུགས་བསྐྱངས་ཤིང་། དེ་ཡང་སྤྱི་ཚོགས་ནང་ཉམ་ཐག་ངལ་ཅན་རྣམས་ནས་བུན་རྙིང་སྒྲུབ་འཇལ་མ་དགོས་པར་རྩ་ ཆག་དང་། གཞུང་ཞབས་ལས་དོན་སྐོར་བསྐྱོད་སྐབས་སོགས་ལ་རྟ་ཁལ་མི་གསུམ་གྱི་འུལ་ལག་སྐུལ་ ཕྱོགས་རྒྱས་བཅད་གཏན་འབེབས། རྫོང་གཞིས་རྣམས་ཀྱི་འབབ་ཡོང་གཞུང་བཞེས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འདུ་ འགོད་ལ་ཕན་ཐབས་མཛད་པ། ཡུན་རིང་བཙོན་ཁང་ནང་ལུས་བསྡད་བཙོན་པ་རྣམས་ལ་བཙོན་གྲོལ་གུ་ཡང་བསྩལ་བ་སོགས་ གཞུང་མང་གི་བདེ་དོན་ལ་གཟིགས་བསྐྱངས་ཐོག གཞན་ཡང་འཆར་གསལ་ལེགས་བཅོས་ལས་རིམ་རྣམས་རིམ་བཞིན་ཕྱག་བསྟར་མཛད་རྒྱུའི་རླབས་ ཆེན་དགོངས་བཞེས་ཡོད་ཀྱང་། སྐབས་དེར་རྒྱ་དམར་གྱི་དབང་སྒྱུར་བོད་ལྗོངས་ཡོངས་ལ་ཤོག་བུར་སྣུམ་ཁྱབ་ཏུ་ བསྒྱུར་ཟིན་སྟབས་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་ཤིག་བཟོས་ཏེ་དགོངས་བཞེད་ ལྟར་ཕྱག་ལེན་དུ་འཁེལ་མ་ཐུབ་པའི་མུར། ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཆབ་སྲིད་ཀྱི་དུས་སྒྱུར་ཤུགས་ཆེས་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་ཆིབས་སྒྱུར་མ་ གནང་མཐུ་མེད་བྱུང་བ་སྐབས་དེར་ཛ་དྲག་གཉེན་འཕྲང་ཆེ་ལ་མི་རྒྱུ་ཤེས་གསུམ་གྱི་ མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་སྣེ་འདོམས་ཤིག་བྱུང་ཡང་། སྔོན་གྱི་དགོངས་བཞེད་ལྟར་མཇུག་སྐྱོང་གི་ཚུལ་དུ་སྐྱབས་བཅོལ་དུ་ཕེབས་མ་ཐག་ པའི་ལོ་དེ་རང་གི་ཕྱི་ཟླ་ ༡༢ པའི་ནང་༸གོང་ས་མཆོག་ལ་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་འདུ་སྡོད་ས་གནས་ཡོངས་ ནས་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་ སྒོའི་མནའ་གན་མཐུ་མོ་ཆེ་འབུལ་བཞེས་བསྐྱངས་སྐབས་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ ཆེར་རྒྱ་ཆེའི་མང་ཚོགས་ཀྱི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་ འཕྲལ་མི་མང་གི་ཁྲོད་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ནས་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་ འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་སོགས་གང་ཅིའི་དགོངས་གཞི་བཀའ་ སློབ་ཟབ་མོ་སྤྱི་བོར་སྨིན་སྩོལ་གནང་བ་བཞིན་བཀའ་དགོངས་ལྟར་ཁུངས་སོ་སོ་ནས་ འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་ གཉིས་ལྡན་བོད་མང་གཙོའི་ལམ་བཟང་དབུ་བརྙེས་ཤིང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཐོག་མང་ཚོགས་ནས་ལེགས་སྤེལ་ཉེས་འགོག་ གི་བསམ་ཚུལ་བསྡུ་བཞེས་ཀྱིས་ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས།

དེ་རྗེས་ལོ་མང་རིང་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ཉམས་མྱོང་རིམ་བསགས་ ཀྱིས་མཐར་ཕྱི་ལོ་ ༡༩༩༡ ལོའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རྒྱ་བསྐྱེད་དང་འབྲེལ་བཙན་བྱོལ་བོད་ མིའི་བཅའ་ཁྲིམས་གཏན་འབེབས་མཛད་ཅིང་། བཅའ་ཁྲིམས་དགོངས་དོན་མང་གཙོའི་ཀ་བ་གསུམ་སྟེ་འཛིན་སྐྱོང་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་ལྗིད་མཉམ་དབྱེ་གསེས་ཀྱིས་ཕྱག་བསྟར་ གནང་མུས་དང་། ཉེ་བའི་ཆར་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་བོད་མིའི་ཆབ་སྲིད་དབུ་ ཁྲིད་བཀའ་བློན་ཁྲི་པ་བོད་མི་ཡོངས་ནས་ཐད་ཀར་འོས་འདེམས་ལམ་ལུགས་གཏན་འབེབས་ ཀྱིས་ད་ཆ་བཀའ་ཁྲི་སྐབས་གཉིས་པའི་འོས་འདེམས་གཏན་འཁེལ་ཟིན་པ་སོགས་མདོར་ན་བོད་ མིའི་སྔར་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་ཐོག ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་། བོད་མིའི་དགོས་མཁོ་དང་འཚམས་པའི་མང་གཙོའི་རིང་ལུགས་ཀྱི་ལེགས་ཆ་ཡོངས་སུ་ཚང་ བའི་མང་གཙོ་ཚད་ལྡན་མཚན་ཉིད་ཚང་བས་གཞན་ལ་འགྲམ་ཆུ་སྡང་མ་དགོས་པར་རང་རེ་རྣམས་ ཀྱི་སྤྱོད་ཡུལ་དུ་ཡོད་པ་མ་ཟད། ཀུན་གྱིས་ཡིད་སྨོན་བསྔགས་ཡུལ་ཆགས་ཡོད་སྟབས་ཞིབ་ཏུ་འགྲེལ་བརྗོད་མ་དགོས་པ་ ཡིན།

འཛམ་གླིང་ནང་རྒྱལ་ཁབ་མང་པོའི་མང་གཙོའི་འཕེལ་རིམ་སྐོར་རྒྱལ་རབས་ལོ་རྒྱུས་ དང་། དེབ་ཐེར་དག་ལ་དཔྱད་ཚེ་མི་རབས་རིམ་བརྒྱུད་དཀའ་བཅད་རྒོལ་འཛིངས་ལས་འགུལ་ལུ་གུ་ རྒྱུད་འབྲེལ་ནང་མང་གཙོ་དོན་གཉེར་མང་ཚོགས་ཀྱི་ལུས་སྲོག་ལོངས་སྤྱོད་བློས་བཏང་ དང་། མི་བསད་ཁྲག་སྱོར་གྱི་ཡོངས་སུ་ཁེངས་པ་མཐོང་ཐོས་སུ་ཡོད་ནའང་། རང་རེའི་མང་གཙོའི་འཕེལ་རིམ་ནང་མང་ཚོགས་ཀྱི་ཞུ་རྩོད་འཕེར་མིན་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་གནས་ཚད་སྨིན་མིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ནས་བོད་མིའི་འཕྲལ་ཡུན་ཕན་བདེ་ཁོ་ནར་དགོངས་བཞེས་ཀྱིས་མང་གཙོའི་ ལམ་ལུགས་འདི་བཞིན་བཙན་ཐབས་སམ། གནང་སྱིན་ལྟ་བུ་བདེ་བླག་ཏུ་བསྩལ་བ་དང་། ད་ལྟའི་ཡང་དག་པའི་མང་གཙོའི་གཞུང་བཟང་འདི་བཞིན་༸གོང་ས་མཆོག་གི་རྨད་བྱུང་མཛད་ འཕྲིན་ཁོ་ན་ལས་བྱུང་བར་སོང་བཀྲིན་ནི་གསབ་ཏུ་དཀའ་བས་ད་རེས་གོ་སྐབས་འདི་ བརྒྱུད་ནས་༸གོང་ས་ཆེན་པོར་བཀྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་མ་ཟད། དུས་རྟག་ཏུ་བཀྲིན་རྗེས་དྲན་གྱིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་རང་ཁྲིའི་ འགན་ཁུར་མཐའ་དག་འཐུས་ཤོར་མེད་པར་འབད་འབུངས་གནང་གལ། རང་རེའི་མང་གཙོའི་འཕེལ་རིམ་ནང་མང་ཚོགས་ནས་དཀའ་ངལ་གདོང་ལེན་གང་ཡང་བྱ་དགོས་མ་ བྱུང་སྟབས་མང་གཙོའི་རིན་ཐང་ཁྱད་ཆོས་རྣམས་མ་ཤེས་པའི་ངེས་པའང་མེད་གཤིས་དེས་ན་ སྤྱིར་འཛམ་གླིང་ནང་མང་གཙོའི་ལམ་ལུགས་འདྲ་མིན་ཁག་སྤྱི་དང་། ཡང་སྒོས་རང་རེའི་མང་གཙོའི་འགྲོ་ལུགས་སྐོར་ལ་ཉམས་སྣང་དོན་གཉེར་བྱ་རྒྱུ་གལ་ འགངས་ཆེ་བས་ད་ཕན་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་འདྲ་ མིན་གྲངས་ཉི་ཤུ་རྩ་བདུན་གཏན་འབེབས་འགྲེམས་སྤེལ་ཟིན་པ་ཁག་ལ་སློབ་སྦྱོང་དོན་ གཉེར་བྱ་རྒྱུ་གལ་ཆེར་མཐོང་།

དེ་འབྲེལ་སྔོན་དུ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། མང་ཚོགས་ཀྱི་ཐད་འདེམས་བཀའ་ཁྲི་སྐབས་གཉིས་པའི་སྤྱི་ཡོངས་འོས་བསྡུ་ཆེན་མོའིི་ ལས་རིམ་བཅས་པར་དཔྱད་ཞིབ་བྱས་ཚེ་ཐོག་མར་འོས་བསྡུ་བ་དེབ་སྐྱེལ་གྲངས་འབོར་ནས་ འོས་བསྡུ་དངོས་གཞིའི་སྐབས་འོས་བསྡུ་བའི་གྲངས་འབོར་ཆགས་ཆ་གང་མིན་བྱུང་བར་ གཞིགས་ན་མང་ཚོགས་ནས་འོས་བསྡུའི་ལས་རིམ་ཐོག་ཆ་ཤས་བླང་རྒྱུར་སྐྱོན་གནད་འཐུས་ ཤོར་བྱུང་བ་མངོན་ཞིང་། མང་གཙོའི་འགྲོ་ལུགས་ནང་གདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ནི་མང་གཙོའི་ཁེ་དབང་ ཆེ་ཤོས་ཤིག་ཡིན་སྟབས་སླད་ཕྱིན་འོས་བསྡུའི་ལས་རིམ་ཁག་ལ་མང་ཚོགས་ནས་དོ་བརྩོན་ སྔར་ལྷག་ཆེ་བསྐྱེད་དགོས་གལ།

བོད་རྒྱའི་འབྲེལ་ལམ་སྐོར་དུས་ཡུན་རིང་པོའི་རྗེས་ཕྱི་ལོ་ ༢༠༠༢ ནང་བསྐྱར་གསོ་ཐུབ་པ་ནས་བཟུང་ད་ཕན་འབྲེལ་མཐུད་སྐུ་ཚབ་དབར་འབྲེལ་མོལ་ཐེངས་ལྔ་ ཙམ་གནང་ཐུབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ལ། ཞི་མོལ་དངོས་གཞིར་འཇུག་ཐབས་ཁོར་ཡུག་བཟང་པོ་སྐྲུན་ཆེད་བོད་མི་ཙམ་མིན་པར་ཕྱི་ རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་མཚམས་ འཇོག་སོགས་རྒྱ་ཕྱོགས་ལ་བསྟུན་མཁས་གུ་གཤངས་དགོས་པའི་སྐུལ་ཁྱབ་གང་ཡོང་གནང་ དོན་ལྟར་ལག་ལེན་བསྟར་དང་བསྟར་བཞིན་ཡང་། རྒྱ་ཕྱོགས་ནས་བཟང་པོའི་ཡ་ལན་ཚུལ་མཐུན་གང་ཡང་མེད་ཐོག ཉེ་ལམ་ནས་རྒྱ་གཞུང་དབུས་སའི་གནད་ཡོད་མི་སྣ་དག་གིས་ཚོགས་འདུ་དང་། གསར་ཤོག བརྙན་འཕྲིན་སོགས་ལ་གཏམ་བཤད་དང་། རྩོམ་བྲིས་ཀྱི་ལམ་ནས་༸གོང་ས་མཆོག་གིས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ གྲོས་འཆར་ཐབས་ལམ་ཁག་ལ་གོ་བ་ལོག་བསྒྲུབས་ཀྱིས་རང་འདོད་འཁྱོག་བཤད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་གསང་གསུམ་འཕྲིན་ལས་ཀྱི་མཛད་བཟང་འཛམ་གླིང་ཡོངས་ ལ་ཁྱབ་བཞིན་པར་ཉི་ཤར་སྦར་མོས་འགེབ་ཐབས་སུ་མངོན་སུམ་ལ་བསྙོན་ཏེ༸གོང་ས་ཆེན་ པོར་དངོས་སུ་མཚན་སྨད་སྐུར་འདེབས་བསམ་ཡུལ་ལས་འདས་པ་བྱས་དང་བྱེད་བཞིན་པར་བོད་ མིའི་སྙིང་ལ་རང་བཞིན་ན་ཟུག་ཆེན་པོ་ཞིག་བཟོས་ཤིང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཞི་མོལ་དངོས་གཞིར་རྒྱ་ཕྱོགས་ནས་ལྷག་བསམ་རྣམ་དག་ བསམ་འདུན་ཇི་འདྲ་ཡོད་འགྲོ་སྙམ་པའི་སོམ་ཉིའི་གནས་སུ་གྱར་བ་མ་ཟད། གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་འདི་ག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ བསམ་ཚུལ་ཅི་ཆེ་བྱུང་བ་དང་། དེ་ལས་ལྡོག་སྟེ་གལ་ཏེ་བོད་རྒྱའི་དཀའ་རྙོག་འདི་བཞིན་རི་ལུག་པ་ཐག་པས་མི་འདུམ་ ཟེར་བའི་གནས་སྟངས་སུ་མ་འགྱུར་གོང་དང་། ད་ལྟ་གོ་སྐབས་བཟང་པོ་ཡོད་པའི་སྐབས་འདིར་སེལ་ཐབས་ཁ་ཞེ་གཉིས་མེད་བྱ་འདོད་ཡོད་ ཚེ། ད་ལྟའི་མི་སྤྱོད་ལས་འདས་པའི་སྐྱུག་བྲོའི་བྱེད་ཐབས་ངན་པ་འདི་དག་འཕྲལ་དུ་ མཚམས་འཇོག་ཐོག གྲོས་མོལ་དངོས་གཞིར་མགྱོགས་ནས་མྱུར་དུ་འཇུག་པའི་རྒྱ་གཞུང་ནས་དགོངས་པ་ཆེ་ བཞེས་གནང་དགོས་འདུག་ཅེས་འབོད་སྐུལ་ནན་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱ་ནི་བོད་བསྟན་སྲིད་མི་རིགས་ དང་བཅས་པ་ཆགས་འཇིག་གི་སྲོག་རྩ་ཞིག་ཡིན་པར་བརྟེན་སྐུའི་དགུང་སྐེག་སྔ་བསུ་དང་ དངོས་གཞིའི་སྐབས་སོ་སོར་རང་གཞུང་དང་། ཆོས་བརྒྱུད་ཁག་ནས་རང་རང་བཞེད་སྲོལ་དང་མཐུན་པའི་སྐུ་ཕྱའི་ཞབས་རིམ་རྒྱ་ཆེ་ གནད་སྨིན་འབད་བསྒྲུབ་དང་། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་མཛད་འཆར་ཁག་ལ་འདི་ནས་ཡིད་རངས་བསྔགས་ བརྗོད་དང་འབྲེལ་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་དང་། ད་དུང་རྒྱ་ཆེའི་མང་ཚོགས་ནས་སྐུ་ཕྱའི་ཞབས་རིམ་ཞུ་སྒོར་རྒྱ་མཚོ་ཆུ་ཐིག་གི་ འབྲེལ་མཚོན་དང་རང་རང་གོ་སྐལ་ཞབས་རིམ་གནད་སྨིན་བསྒྲུབ་གསོག་གིས་རྣམ་དཀར་དགེ་ ཚོགས་ལ་རང་དོན་རང་གཅེས་ཀྱིས་འབད་འབུངས་གནང་གལ་ཐོག གཙོ་ཆེ་༸གོང་ས་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱིས་མས་བུ་ལ་ཇི་ལྟར་གདམས་པའི་ ལམ་སྟོན་བཀའ་སློབ་རྣམས་སྙིང་དབུས་སུ་བཅངས་ཏེ་རང་རེ་བོད་མི་རྩམ་གཟན་རྣམས་ སྟོན་པ་གཅིག་གི་རྗེས་འཇུག་དང་། ཕ་མ་གཅིག་ལས་མཆེད་པའི་སྤན་ཟླའི་འདུ་ཤེས་ལར་རྒྱ་དམ་བཟུང་གིས་ནང་ཁུལ་མཐུན་ སྒྲིལ་དམ་གཙང་དང་། གཞུང་མང་སྤྱི་དོན་གང་ཅིར་སྒོ་གསུམ་ཡོད་རྒུ་རྩལ་སྤྲུག་འབད་འབུངས་བྱ་རྒྱུ་ སོགས་བཀའ་བཞིན་བསྒྲུབ་པ་མཆོད་པས་མཉེས་པ་དང་། རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་བྱ་རྒྱུ་ནི་ནང་གི་ཞབས་རིམ་ཡིན་པས་ ཚང་མས་བསམ་ཞིབ་འཕྱུག་མེད་གནང་རོགས་ཞེས་འབོད་སྐུལ་ནན་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་ བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༦ ཟླ་ ༩ ཚེས་ ༢ ལ།