མང་གཙོའི་དུས་ཆེན་ཐེངས་ལྔ་བཅུ་ང་གཅིག་པའི་ཐོག་བཀའ་བློན་ཁྲི་པའི་གསུང་བཤད།

༄༅། །དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་ང་གཅིག་འཁོར་བའི་སྐལ་བཟང་དུས་སྟོན་འདིར། འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་དང་། ཁྱད་པར་བཙན་འོག་ཏུ་གནས་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་གིས་བཀའ་དྲིན་རྗེས་དྲན་དང་སྦྲགས། བོད་མིའི་ཆབ་སྲིད་ལམ་ལུགས་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཏུ་འགྱུར་རྒྱུའི་ཐུགས་བཞེད་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་བཟུང་རྒྱུ་ཡིན། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་མཐའ་དག་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལས་བྱུང་ཞིང་། ༸གོང་ས་མཆོག་ནི་མཐའ་གཅིག་ཏུ་མང་གཙོའི་ལམ་ལུགས་ལ་ཐུགས་མོས་གནང་མཁན་དང་། མང་ཚོགས་སྐྱོང་བའི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་འཇིག་རྟེན་ཡོངས་གྲགས་མ་ཟད། སྐུ་གཞོན་ནུའི་དུས་ནས་ཀྱང་དྲང་བདེན་དང་། འདྲ་མཉམ། མང་གཙོའི་ལྟ་གྲུབ་བཅས་ལ་ཐུགས་མོས་ཆེན་པོ་གནང་ཡོད། ༸གོང་ས་མཆོག་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་ཕེབས་པའི་དབང་གིས་ཕོ་བྲང་པོ་ཏཱ་ལར་བཞུགས་སྐབས་གད་པ་དང་སྒོ་སྲུང་བ་སོགས་སྐུའི་ཉེ་འཁོར་དུ་ཡོད་པའི་ཞབས་ཕྱི་རྣམས་དང་འགྲོགས་འདྲིས་ཀྱིས་བོད་མི་དཀྱུས་མ་ཚོའི་འཚོ་བའི་གནས་སྟངས་སྐོར་མཁྱེན་ཐབས་གནང་ཡོད། རང་ཉིད་སྒེར་གྱི་ཉམས་མྱོང་གི་ཆ་ནས་ཀྱང་ཕྲན་རང་ཕྱི་ལོ་ ༡༩༩༥ ལོར་ཨ་རིར་སློབ་སྦྱོང་དུ་མ་ཐོན་གོང་སློབ་གྲོགས་ཚོ་དང་མཉམ་༸གོང་ས་མཆོག་གི་མཇལ་ཁར་བཅར་སྐབས། ང་ཚོ་རེ་རེ་བཞིན་ངོ་སྤྲོད་ཞུས་ཤིང་ཕྲན་གྱི་མཚམས་སུ་སླེབས་སྐབས། ༸གོང་ས་མཆོག་གིས་ངས་དེ་སྔོན་བོད་གནས་བསྐྱར་ཞིབ་ནང་། འགྲོ་བ་མིའི་ཐོབ་ཐང་དང་ཨེ་ཤི་ཡའི་གོམས་སྲོལ། ཞེས་པའི་ཆེད་རྩོམ་སྤེལ་བ་དེ་ཐུགས་དྲན་གསོས་གནང་སོང་། སློབ་ཕྲུག་དཀྱུས་མ་ཞིག་གིས་བྲིས་པའི་ཆེད་རྩོམ་ལའང་ཐུགས་སྣང་དེ་ལྟར་གནང་བ་ ཤེས་རྟོགས་བྱུང་མ་ཐག་ང་ལ་སེམས་ཚོར་ཤུགས་ཆེ་བྱུང་ཞིང་། དེས་༸གོང་ས་མཆོག་གིས་བོད་མི་མང་ལ་བཅངས་པའི་ཐུགས་བརྩེ་དང་བྱམས་སྐྱོང་ཇི་ཙམ་གཏིང་ཟབ་པོ་ཡིན་པ་མཚོན་ཡོད། དེ་འདྲའི་ངོ་མཚར་ཅན་གྱི་ཉམས་མྱོང་ང་ཙམ་མ་ཡིན་པར། ཕྱི་ནང་མི་རིགས་གྲངས་ལས་འདས་པ་ཞིག་ལའང་བྱུང་མྱོང་བ་གསལ་པོ་རེད། ཁྱད་པར་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས་བོད་ནང་དེང་རབས་དང་མཐུན་པའི་གསར་གཏོད་གནང་ཆེད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་ཡང་། བཙན་འཛུལ་སྟོབས་ཤུགས་དབང་གིས་ལམ་ལྷོངས་མ་བྱུང་། དེ་རྗེས་བཙན་འཛུལ་བའི་བྱ་སྤྱོད་དབང་གིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་མ་ཐག་ཕྱི་ལོ་ ༡༩༥༢ ལོར་དབུ་འཛུགས་གནང་བའི་ལེགས་བཅོས་ཕྱག་ལས་ཀྱི་རྒྱུན་མཐུད་དེ་མང་གཙོའི་ལམ་ཆེན་དུ་ཕེབས་པར་མཛད། དེ་ཡང་། ཕྱི་ལོ་ ༡༩༦༠ རེ་གྲངས་ནང་འཛམ་གླིང་གང་སར་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་གྱིས་མང་གཙོའི་རྒྱལ་ཁབ་མང་པོ་གསར་གཏོད་བྱུང་བཞིན་པའི་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་རྒྱུའི་གོམ་པ་དང་པོ་ལྟ་བུར། གནས་མཆོག་རྡོ་རྗེ་གདན་དུ་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་ལྕགས་ཀྱི་གོང་བུ་ལྟར་དམ་ཚིག་ཟོང་ཁ་ཆིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༦ ཚེས་ ༢༩ ཉིན་ཌལ་ཧོར་ཁུལ་གྱི་བོད་མི་ལམ་བཟོ་བ་ཚོར་༸གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ཐོག་ཕེབས་རྒྱུའི་དགོངས་བཞེད་ཇི་ཡོད་བཀའ་སློབ་གནང་། དེ་དུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་པ་ཡིན་པས། རང་གི་ཕ་ཡུལ་དང་ནང་མི་ཁྱིམ་ཚང་ཆ་ཚང་ཤོར་བ་མ་ཟད། ༸གོང་ས་མཆོག་ལམ་བཟོ་བྱེད་སར་ཕེབས་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཉམས་སུ་མྱོང་སྐབས་བློ་ཕམ་ཇི་བྱུང་ཚོད་དཔག་ཐུབ་ངེས་ལྟར། མི་མང་པོ་རང་དབང་མེད་པར་མིག་ཆུ་ཤོར་བའི་གནས་ཚུལ་བྱུང་འདུག དེ་རྗེས་མི་མང་འཐུས་མི་འོས་འདེམས་སམ་བསྐོ་གཞག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་ལྟར། དེ་ནས་བཟུང་ང་ཚོས་ལོ་ལྟར་ཉིན་དེ་མང་གཙོའི་དུས་ཆེན་གྱི་ཉིན་མོར་སྲུང་བརྩི་བྱེད་བཞིན་པ་རེད། སྐབས་དེར་ཆོལ་ཁའི་སྤྱི་འཐུས་ཁག་ཅིག་སྒང་ཏོག་དང་མ་ན་ལི་སོགས་ལམ་བཟོ་བའི་ཁོངས་ནས་ལག་པ་རྐྱོང་བའི་ལམ་ནས་འདེམས་སྒྲུག་བྱས་ཤིང་། སྤྱི་འཐུས་ཚོས་དང་ཐོག་ལྕགས་སྒམ་ནང་ཡིག་ཆ་འཁྱེར་ཏེ་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་ཤིང་སྡོང་འོག་ཚོགས་འདུ་ཚོགས་པའི་གནས་ཚུལ་ཡང་བྱུང་འདུག དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༦༣ ལོར་བུད་མེད་སྤྱི་འཐུས་དང་། ༡༩༧༧ ནས་བོན་པོའི་སྤྱི་འཐུས་འདེམས་འགོ་ཚུགས་པ་རེད། འགྱུར་བ་འདི་དག་རྒྱལ་སྤྱིའི་གནས་སྟངས་དང་བསྡུར་ན། དེ་དུས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁ་ཤས་ཀྱི་གྲོས་ཚོགས་ནང་བུད་མེད་སྐུ་ཚབ་འོས་འདེམས་ཐུབ་མེད། དེ་མཚུངས་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་གྱི་རྩ་ཁྲིམས་ལས་ལེགས་ཆ་བཞེས་ཏེ་རྩ་ཁྲིམས་གཏན་འབེབས་གནང་སྐབས་ མང་ཚོགས་ཀྱི་འདོད་པར་བབས་མིན་ལ་མ་ལྟོས་པར་མང་གཙོའི་ལྟ་གྲུབ་དང་མཐུན་པ་ཡོང་ཆེད་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་འཇོག་གནང་མཛད་ཡོད། གཞན་ཡང་ཕྱི་ལོ་ ༡༩༧༠ ལོར་གཞོན་ནུའི་འགོ་ཁྲིད་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་། ༡༩༨༤ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་འཛུགས་བྱུང་ཞིང་། གོང་གསལ་ཚོགས་པ་གཉིས་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་མེད་པར་ཆིག་བསྒྲིལ་གྱི་འགོ་ཁྲིད་བསྐྲུན་རྒྱུའི་ཐད་གལ་ཆེའི་ནུས་པ་བཏོན་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༠ གོ་གྲངས་ནང་ཨུ་རུ་སུ་དང་བྷར་ལིན་གྱི་གྱང་གོག་འཐོར་བཤིག་སོང་ཞིང་། འཛམ་གླིང་གང་སར་མང་གཙོའི་འཕེལ་རླབས་གསུམ་པ་འཕྱུར་བའི་སྐབས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་མུ་མཐུད་མདུན་བསྐྱོད་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་སྤྱི་འཐུས་ཀྱི་གྲངས་འབོར་མང་དུ་བཏང་བ་དང་། བཀའ་བློན་རྣམས་གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་པའི་ལམ་སྲོལ་བཏོད། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་ལམ་ལུགས་ནས་ལེགས་ཆ་བཞེས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་སྒྲིག་སྲོལ་དང་ལྡན་ཞིང་ལས་རིམ་སྣ་མང་དང་ནུས་པ་སྔར་བས་ཆེ་བར་ལེགས་བཅོས་མཛད། བཙན་བྱོལ་ནང་གོང་གསལ་མང་གཙོའི་མདུན་སྐྱོད་གནང་སྐབས་སུ། རྒྱ་ནག་ནང་གཞུང་གིས་རང་གི་ཆབ་འབངས་མང་གཙོ་དོན་གཉེར་ཅན་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྡེབ་གསོད་དང་དྲག་གནོན་བྱེད་བཞིན་པའི་སྐབས་འཁེལ་ཡོད། ཕྱི་ལོ་ ༢༠༠༠ ནང་ཤར་ཡུ་རོབ་ཏུ་ཚོན་ཁྲ་ཅན་གྱི་གསར་བརྗེར་གྲགས་པའི་ལས་འགུལ་བྱུང་སྐབས། བོད་མིའི་མང་གཙོའི་འཕེལ་རིམ་ལའང་མུ་མཐུད་ཡར་རྒྱས་བྱུང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོངས་དོན་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་ཆོག་པའི་ལམ་སྲོལ་གསར་དུ་བཏོད་ཅིང་། དེའི་རྗེས་འབྲེལ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་འོས་ཤོག་བརྒྱ་ཆ་བརྒྱད་ཅུ་ལྷག་གི་ཚད་མཐོའི་མང་མོས་ཀྱི་ལམ་ནས་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་མ་ཟད། འདས་པའི་ལོ་བཅུ་ཕྲག་གཅིག་རིང་གཟེངས་སུ་ཐོན་པའི་དབུ་ཁྲིད་གནང་ཡོད། དེ་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་ཨ་རབ་རྒྱལ་ཁབ་ཁག་ཏུ་མང་གཙོའི་ལས་འགུལ་བྱུང་ཞིང་། འགོ་ཁྲིད་ཁ་ཤས་ཀྱིས་དྲག་རྩུབ་ལ་བརྟེན་ནས་མི་མང་གི་མངོན་འདོད་མུ་མཐུད་འགོག་ཐབས་བྱེད་བཞིན་པའི་སྐབས་དང་། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་བཅུའི་གོང་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་གསལ་བསྒྲགས་དང་། ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན་ཞེས་བཀའ་གནང་བ་མ་ཟད། སྤྱི་འཐུས་དང་མི་མང་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུས་པར་ཡང་དགོངས་བཞེས་མ་གནང་།  ང་ཚོས་ཤེས་དགོས་པ་ཞིག་ལ། འདས་པའི་མི་ལོ་ལྔ་བཅུ་ལྷག་ནང་༸གོང་ས་མཆོག་གིས་མང་གཙོའི་སྒྱུར་བཅོས་གནང་ རྒྱུའི་དུས་ཚོད་རྣམས་རྒྱལ་སྤྱིའི་ནང་འབྱུང་བཞིན་པའི་འགྱུར་བ་ཆེ་ཁག་དང་དུས་མཉམ་ཆགས་ཀྱང་། དེ་ནི་རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་དབང་གིས་༸གོང་ས་མཆོག་གིས་མང་གཙོའི་སྒྱུར་བཅོས་གནང་བ་མ་ཡིན་པར། བོད་མི་ཚོས་མང་གཙོའི་སྒྱུར་བཅོས་དང་ལེན་ཡོང་ཆེད་རྒྱལ་སྤྱིའི་འགྱུར་འགྲོས་ལས་ཁེ་ཕན་བཞེས་པ་ཞིག་ཆགས་ཡོད། དཔེར་ན་དྲུག་ཅུ་རེ་གྲངས་ནང་རྩ་ཁྲིམས་སུ་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་དང་། བརྒྱད་ཅུ་གྱ་གྲངས་ནང་༸གོང་ས་མཆོག་དང་བཀའ་ཤག་བར་མི་སྣ་ཞིག་བསྐོ་གཞག་གནང་རྒྱུའི་དགོངས་བཞེས། ཉིས་སྟོང་ལོའི་ནང་བཀའ་བློན་ཁྲི་པ་ཐད་ཀར་མི་མང་གིས་འོས་འདེམས་བྱེད་རྒྱུ་བཅས་ཀྱི་སྒྱུར་བཅོས་གནང་བའི་དུས་ཚོད་རྨད་དུ་བྱུང་བ་ཆགས་ཡོད། ཁྱད་པར་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་དུས་ཚོད་དེ་གནད་ལ་འཁེལ་ཡོད། གང་ཡིན་ཟེར་ན། དེས་འདི་ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་ལ་ཁྲིམས་མཐུན་གྱི་ངོས་འཛིན་ཐོབ་ཐུབ་པའི་ཕན་ཐོགས་བྱུང་ཡོད།  འདི་ལོའི་འོས་བསྡུའི་གྲུབ་འབྲས་འདིས་བོད་མིའི་མང་གཙོའི་གནས་ཚད་ལོངས་ངེས་ཡོད་པའི་དཔང་རྟགས་གསལ་པོ་བྱུང་ཡོད། ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུའི་ལས་རིམ་འདིའི་ནང་རྒྱལ་ཁབ་སུམ་ཅུའི་ནང་ཁ་གྲམ་པའི་བཙན་བྱོལ་བོད་མི་ཡོངས་དང་གཞོན་སྐྱེས་ཚོས་སྔར་ལྷག་མཉམ་ཞུགས་གནང་ཡོད། ཁྱད་པར་གཞིས་བཞུགས་བོད་མི་ཚོས་ཀྱང་འོས་བསྡུའི་ལས་རིམ་ལམ་ལྷོང་ཡོང་ཆེད་དགོན་པའི་ནང་སྨོན་ལམ་འདོན་པ་དང་། འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་མཚམས་མངོན་གསལ་དོད་པོའི་སྒོ་ནས་དགའ་སྤྲོའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་པོས་བཙན་བྱོལ་བོད་མིའི་གཞིས་སྒར་ཕལ་ཆེ་བར་ཆེད་བསྐྱོད་ཐོག་ཁྱོན་བསྡོམས་བགྲོ་གླེང་ཐེངས་བཅུ་བདུན་ཙམ་ནང་མཉམ་ཞུགས་ཀྱིས་འོས་བསྡུའི་ལས་རིམ་རྣོ་ངར་ལྡན་པ་བྱུང་ཡོད། དེ་མཚུངས་འདི་ལོའི་སྤྱི་འཐུས་འོས་འདེམས་ནང་སྤྱི་འཐུས་གསར་པ་བརྒྱ་ཆ་ལྔ་བཅུ་ཙམ་འདེམས་ཐོན་བྱུང་བ་མ་ཟད། སྤྱི་འཐུས་ནང་བུད་མེད་དང་བོད་ནས་གསར་དུ་ཕེབས་པའི་གྲངས་འབོར་ཡང་གང་ལེགས་བྱུང་ཡོད། དེ་བཞིན་འོས་བསྡུའི་གྲུབ་འབྲས་འདིས་གཞིས་བཞུགས་བོད་མི་ཚོར་རེ་བ་གསར་པ་ཞིག་ དང་། པེ་ཅིང་ལ་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་རྒྱུའི་གོ་བརྡ་གསལ་པོ་སྤྲད་ཡོད། ཉེ་སྔོན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་བཀའ་བློན་ཁྲི་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་མཛད་སྒོའི་སྐབས་བསྩལ་བའི་གསུང་བཤད་ལས་༸གོང་ས་མཆོག་གིས་མང་གཙོའི་ལྟ་ གྲུབ་ལ་ཡིད་ཆེས་ཇི་ཙམ་གནང་གི་ཡོད་པ་གསལ་སྟོན་བྱེད་ཐུབ། དེ་ཡང་༸གོང་ས་མཆོག་གིས་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་ སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང་། ཞེས་བཀའ་གནང་ཡོད། ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་བསྩལ་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་དེ། བཙན་བྱོལ་བོད་མིའི་གཞིས་ཆགས་ནང་འཚར་ལོངས་བྱུང་བའི་ཁྱིམ་ཚང་དཀྱུས་མའི་བུ་ ཕྲུག་ཅིག་ལ་རྩིས་སྤྲོད་གནང་བ་དེས། བོད་ཀྱི་དབུ་ཁྲིད་ཀྱི་མཚོན་རྟགས་དང་དོན་དམ་པའི་ཁྲིམས་མཐུན་རང་བཞིན་རྒྱུན་ མཐུད་པ་མཚོན་གྱི་ཡོད།བོད་རིགས་སྤན་ཟླ་ཚོ། གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་། བོད་མི་རིགས་ཀྱི་འགོ་ཁྲིད་མུ་མཐུད་རྒྱུན་གནས་ཡོང་གི་རེད།ད་ཆ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་འདི་ཉིད། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་མིག་དཔེར་འོས་པའི་ལམ་ལུགས་ཤིག་ཏུ་གྱུར་ཡོད། དེ་ཡང་གཙོ་བོ་གནས་ཡུལ་རྒྱ་གར་གཞུང་དང་མི་མང་གི་མཐུན་འགྱུར་ལ་བརྟེན་ནས་བྱུང་ བ་ཡིན། རྒྱལ་སྤྱིའི་ཐོག་སྐྱབས་བཅོལ་སྤྱི་ཚོགས་གཞན་དང་། མང་གཙོའི་ལམ་ལུགས་ལ་དོན་གཉེར་ཅན་གྱི་ཉམས་ཞིབ་པ་མང་པོས་བོད་མིའི་མང་གཙོའི་ལམ་ལུགས་ལ་དོ་སྣང་བྱེད་ཀྱི་ཡོད། དོན་དངོས་ཐོག་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཕྱི་མི་དོན་གཉེར་ཅན་མང་པོར་འདས་པའི་ལོ་ལྔ་བཅུ་ལྷག་གི་བཙན་བྱོལ་བོད་མིའི་མང་གཙོའི་ཉམས་མྱོང་བརྗེ་ལེན་བྱེད་བཞིན་ཡོད། འོན་ཀྱང་ད་དུང་ཡང་ང་ཚོས་ཡར་རྒྱས་གཏོང་རྒྱུ་མང་པོ་ཡོད་པས། མུ་མཐུད་འབད་བརྩོན་བྱེད་དགོས།ངས་གདེང་ཚོད་ཆེན་པོའི་སྒོ་ནས་བཙན་བྱོལ་བོད་ མིའི་མང་གཙོའི་འཛིན་སྐྱོང་འདི། བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་བའི་ལམ་ལུགས་ལས་ ཕྱོགས་ཡོངས་ནས་ཁྱད་དུ་འཕགས་པ་ཡོད་ཅེས་ཞུ་ཐུབ། དེ་ཡང་གཅིག་ནས་གཞིས་བཞུགས་བོད་མི་རྣམས་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་ཡོད་ ཅིང་། ང་ཚོ་བཙན་བྱོལ་ནང་མང་གཙོའི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་དྲུང་ཆེར་ད་བར་བོད་མི་རྩ་བ་ནས་བསྐོ་གཞག་བྱེད་མྱོང་མེད་པ་ལྟར།
ཉེ་དུས་ཀྱང་པེ་ཅིང་གིས་རང་འདོད་ལྟར་རྒྱ་རིགས་ཤིག་བསྐོ་གཞག་བྱས་ཡོད། དེ་ལས་ལྡོག་སྟེ་བཙན་བྱོལ་ནང་ཕྲན་ལ་བོད་མི་ཡོངས་ཀྱི་ངོ་ཚབ་བྱ་རྒྱུའི་ཁྲིམས་མཐུན་དབང་ལུང་དེ་འོས་བསྡུའི་ལམ་ནས་ཐོབ་ཡོད། རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ནི་ད་ལྟའི་ཆར་རྒྱལ་སྤྱིའི་ནང་རིམ་ཡལ་དུ་འགྲོ་བཞིན་པའི་ཕྱོགས་སུ་ཡོད་པ་དང་། ང་ཚོའི་ལམ་ལུགས་ནི་འཛམ་གླིང་ནང་དར་ཁྱབ་འགྲོ་བཞིན་པའི་མང་གཙོའི་ལམ་ལུགས་ཀྱི་ཁོངས་སུ་ཡོད།  བཀའ་བློན་ཁྲི་པ་ནི་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་ཡིན་ཞིང་། བོད་ནང་རྒྱ་ནག་གི་དབང་སྒྱུར་ནི་མི་མང་གི་མངོན་འདོད་མཚོན་གྱི་མེད་སྟབས་ཁྲིམས་འགལ་ཡིན། ཇི་སྲིད་རྒྱ་ནག་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་རང་དབང་ཁས་ལེན་མ་བྱས་པ་དེ་སྲིད་དུ་རྒྱལ་སྤྱིའི་ནང་རྒྱ་ནག་དེ་གུས་བཀུར་འོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་མི་སྲིད། དེར་བརྟེན་རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་དང་རྒྱ་ནག་མི་མང་གི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་སྐུལ་མ་ཞུ་གི་ཡོད།
མཐའ་དོན། ད་ལན་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མ་ཡིན་པར་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ཡིན་སྟབས། བོད་མི་ཚོ་རང་གི་རྐང་པའི་ཐོག་ལངས་ནས་འགན་ཁུར་ལེན་ཐུབ་པ་བྱེད་རྒྱུའི་དུས་སུ་སླེབས་ཡོད། ཚང་མས་མང་གཙོའི་ལས་རིམ་ནང་མཉམ་ཞུགས་ཀྱིས་འགོ་ཁྲིད་རྣམས་མང་གཙོའི་རིང་ལུགས་དང་མཐུན་པ་ཡོང་ཆེད་བཏང་འཛིན་ཐུབ་པ་དགོས། ཕྲན་རང་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་འདི་བོད་རྒྱ་ཆེའི་མི་མང་གིས་མི་རབས་གཞོན་པ་ཚོར་ཡིད་ཆེས་བློས་འགེལ་བྱེད་པ་མཚོན་གྱི་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་གནང་དགོས། ང་ཚོས་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐུབ་པ་བྱེད་དགོས། ད་ལྟའི་དུས་སྐབས་འདི་འཇིགས་ཞུམ་བྱ་རྒྱུའི་དུས་ཚོད་མ་ཡིན་པར་སེམས་ཤུགས་བསྐྱེད་དགོས་པའི་དུས་ཚོད་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་བོད་མིའི་ངོས་འཛིན་དང་ཆེ་མཐོང་གཅེས་འཛིན་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱས་དང་བྱེད་བཞིན་པའི་གཞིས་བཞུགས་བོད་རིགས་དཔའ་བོ་དཔའ་མོ་ཚོའི་བསམ་དོན་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་ནང་༸ཞབས་སོར་འཁོད་ཐུབ་པ་བྱུང་ བ་ལྟར། ང་ཚོས་ཀྱང་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་རི་བོ་ཇོ་མོ་གླང་མ་ལྟར་བརྟན་པོར་བཟུང་ནས་༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་ཆེད་བརྩོན་པ་བསྐྱེད་དགོས། གཞིས་བཞུགས་རྒྱལ་ཞེན་སྙིང་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་རྣམ་པ། ང་ཚོ་བཙན་བྱོལ་དུ་ཡོད་པ་མང་ཆེ་བ་བོད་ལ་འགྲོ་མྱོང་མེད་ཀྱང་བོད་ནི་ང་ཚོའི་བླ་ སྲོག་ཡིན། ང་ཚོས་ཆོས་དང་ཆོད་སེམས། ལྷག་བསམ་བཅས་གྲོགས་སུ་བསྟེན་ཏེ། གང་མྱུར་གཞིས་བྱེས་མཉམ་འཛོམས་ཡོང་བ་བྱེད་དགོས། ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་རྣམས་གཞི་རྩའི་ལམ་སྟོན་དུ་བཟུང་ན། གཞིས་བྱེས་མཉམ་འཛོམས་དང་། བོད་ནང་རང་དབང་བསྐྱར་གསོ། ༸གོང་ས་མཆོག་གང་མྱུར་བོད་ལ་༸ཞབས་སོར་འཁོད་ཐུབ་པ་བཅས་ཡོང་ཐུབ་ངེས་ཡིན།། བོད་རྒྱལ་ལོ།