བྲའུ་ཚེ་བརྟན་ལགས་ནས་སྤྱི་འཐུས་དམ་འབུལ་ཞུས་པ།


དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢ སྟེང་བྲའུ་ཚེ་བརྟན་ལགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང༌། མཛད་སྒོའི་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་བཅས་ལྷན་བཅར་གནང་ཡོད།
དེ་ཡང་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ནས་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་འཕོ་འགྱུར་གཏོང་རྒྱུ་ཁམས་པ་གཞིས་བྱེས་གཉིས་མི་མང་གི་སེམས་ཡུལ་དུ་ཤོང་ཐབས་བྲལ་བ་དང༌། དོ་བདག་བསོད་ནམས་ཡང་ཟད་འགྲོ་རྒྱུ་ཁོ་ན་ལས་མ་འདས་ཞེས་གྲོས་ཚོགས་ཀྱི་ལས་རིམ་དུ་མཉམ་ཞུགས་བྱ་རྒྱུ་མིན་པའི་རྩ་དགོངས་སྙན་ཞུ་ཕུལ་བར། བར་མའི་འོས་བསྡུ་བྱེད་མ་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར། བྲའུ་ཚེ་བརྟན་ལགས་མདོ་སྟོད་སྤྱི་འཐུས་ཀྱི་སྒུག་ཐོའི་ཁོངས་ནས་རྩེ་བཏོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་སུ་ལས་ཁུར་དམ་འབུལ་ཞུས་པ་ཞིག་ཡིན།
མཛད་སྒོ་གྲུབ་བསྟུན། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་བྲའུ་ཚེ་བརྟན་ལ་མཇལ་དར་བསྒྲོན་པ་དང༌། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་རེད།
བྲའུ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༥༨ ཟླ་ ༥ ཚེས་ ༡༥ ཉིན་སྒ་སྐྱེ་རྒུ་མདོར་འཁྲུངས། ཕྱི་ལོ་ ༡༩༧༦ ལོར་རྡེ་ར་རྡུན་ནས་འཛིན་རིམ་བཅུ་གཅིག་ཐོན་རྗེས་ལྡི་ལིར་མཐོ་རིམ་སློབ་གྲྭ་ནས་ཚོང་འབྲེལ་དང་མགྲོན་ཁང་འཛིན་སྐྱོང་གི་སློབ་སྦྱོང་གནང༌། ༡༩༨༠ ནས་བཟུང་ཀུམ་རའོ་གཞིས་ཆགས་ཀྱི་ལག་ཤེས་བཟོ་གྲྭའི་འགོ་འཛིན་དང་གཞིས་འཐུས་གཅིག་ལྕོགས། གཞིས་ཆགས་ཉིན་སློབ་དང༌། སློབ་གྲྭའི་ཉལ་ཁང་བཅས་ཀྱི་འགོ་འཛིན་དང༌། རྩིས་གཉེར། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་སོགས་ཀྱི་ལས་འགན་ཁུར་མྱོང་བ་དང༌། སྐབས་ ༡༣ པའི་སྤྱི་འཐུས་བཅས་གནང་མྱོང་ཡོད་པ་རེད།

Menu