བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ལ་བོད་དོན་ཞུ་སྐུལ་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཆེད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་གྱི་དགོང་དྲོ་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་སྦེལ་ཇམ་རྒྱལ་ས་སྦར་སེལ་དུ་ཕེབས་འབྱོར་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ་སྦེལ་ཇམ་དགོང་དྲོའི་བང་ཆེན་གསར་ཤོག་གི་གསར་འགོད་པས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་སོགས་ལ་བཅར་འདྲི་གནང་བར་ལན་འདེབས་གནང་ཡོད། དེ་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་བོད་ནང་ཆོས་དད་རང་དབང་མེད་པའི་སྐོར་ལ་གྲོས་བསྡུར་དང་དྲི་བ་དྲིས་ལན་གནང་རྗེས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མཱ་སི་མན་མཆོག་གི་གཙོ་སྐྱོང་འོག ཡུ་རོབ་སྤྱི་མཐུན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཞི་དང་། གྲོས་ཚོགས་འཐུས་མིའི་སྐུ་ཚབ་བཅུ་གཅིག་བཅས་ཀྱི་ལྷན་བོད་དོན་སྐོར་བགྲོ་གླེང་དང་འབྲེལ་ཞུ་འབོད་གནང་ཡོད།

དེའི་དགོང་མོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དམིགས་བསལ་གོ་སྒྲིག་གནང་བའི་གསོལ་སྟོན་ (cocktail reception) ཐོག་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། སྦར་སེལ་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས། ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ། ས་གནས་བུད་མེད་ཚོགས་པའི་རྒྱུན་ལས་བཅས་ལྷན་འཛོམས་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོའི་གཙོ་སྐྱོང་འོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཉན་ཞིབ་དང་བདེན་པ་ར་སྤྲོད་གནང་ཡོད་པ་དང་། དེ་ནས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་ཞུ་འབོད་གནང་བ་མ་ཟད། སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་སྲིད་སྡེ་ཚན་གྱི་འཐུས་མི་བཞི་ལྷན་དུ་བོད་དོན་སྐོར་བགྲོ་གླེང་དང་ཞུ་སྐུལ་གནང་ཡོད། སྐབས་དེར་སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཞལ་བཞེས་ཀྱང་གནང་འདུག
ཕྱི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་པ་བཞི་ནས་བོད་མིའི་སྤྱི་ཚོགས་ལ་རྒྱུན་དུ་མཐུན་སྦྱོར་རོགས་རམ་གནང་མཁན་ཡོན་ཏན་གླིང་ཆོས་ཚོགས་ལ་འཚམས་གཟིགས་གནང་རྗེས་མེ་འཁོར་བརྒྱུད་ཧོ་ལན་ཌི་རྒྱལ་ཁབ་་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

Menu