༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ ནས་ ༡༠ བར་ཨུ་རུ་སུ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༢ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ཨུ་རུ་སུ་རྒྱལ་ས་མོ་སོ་ཀོ་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༣ ནས་ ༡༠ བར་ཨུ་རུ་སུ་རྒྱལ་ཁབ་ནང་མཛད་རིམ། ཕྱི་ཚེས་ ༡༡ ཉིན་ཨུ་རུ་སུ་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །