༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡༩ བར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་བཅས་རྒྱ་གར་རྒྱལ་ས་ལྡི་ལི་དང་། རྒྱ་གར་མངའ་སྡེ་ར་ཇི་སི་ཐན། (Rajastan) གུ་ཇུ་རཏ། (Gujurat) མཧྰ་ར་ཤི་ཀྲ།(Maharashtra) གྷོ་བ།(Goa) བཅས་ཀྱི་ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་ལྡི་ལི་ནས་མུམ་སྦེ་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༣ བར་ས་གནས་སུ་ལས་རིམ། དེ་ནས་རིམ་བཞིན་གྷོ་བ་དང་། གུ་ཇུ་རཏ་མངའ་སྡེའི་གྲོང་ཁྱེར་ཨེམ་དྷ་བྷད་ (Ahmedabad) ར་ཇི་སི་ཐན་མངའ་སྡེའི་རྒྱལ་ས་ཇེ་སྤུར་ (Jaipur) རྒྱ་གར་རྒྱལ་ས་ལྡི་ལི་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །