བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཨུ་རུ་སུ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་རྣམ་པ་ཕྱི་ནང་ཡུལ་གྲུ་ཁག་ཏུ་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༩ ནས་ ༡༦ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག་བཅས་རྣམ་པ་གསུམ་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཨུ་རུ་སུ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད།

དེ་ཡང་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ཨུ་རུ་སུ་རྒྱལ་ཁབ་ནང་ཕེབས་འབྱོར་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཀརྨ་བསྟན་འཛིན་ལགས་དང་། ལས་བྱེད་ཨུ་རུ་སུའི་མི་རིགས་ཡིན་པ་ཀེ་མ་ན་མི་ལགས། མོ་སི་ཁོ་བོད་རིགས་ཚོགས་པའི་ཚོགས་གཞོན་སྨན་པ་ཟླ་བ་ཚེ་རིང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཨུ་རུ་སུའི་གྲོང་ཁྱེར་སེན་པི་ཊར་སེ་བྷག་ (St Petersburg) ཏུ་ཕེབས་ཐོན་གནང་བ་དང་། ས་གནས་སུ་འབྱོར་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསུམ་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

དེ་ཉིན་མཚན་ཞབས་ངག་དབང་རྡོ་རྗེས་བཞེངས་བསྐྲུན་གནང་བའི་དགོན་པར་གནས་མཇལ་དང་། དགོན་པའི་མཁན་པོ་མཆོག་དང་མཇལ་འཕྲད་ཀྱིས་འདས་པའི་བོད་དང་སོག་པོའི་དབར་གྱི་འབྲེལ་བ་དང་མ་འོངས་བཅས་ཀྱི་སྐོར་ཕན་ཚུན་གླེང་མོལ་གནང་གྲུབ་མཚམས་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཀོནྶ་ཏ་ཀ་མེ་ར་འགྲེམས་སྟོན་ཁང་ (Kunstkamera Museum) དུ་ (Art of central Asia and Art of Far East) དམིགས་བསལ་བོད་དང་འབྲེལ་བ་ཡོད་པའི་སྡེ་ཚན་དུ་གཟིགས་བསྐོར་གནང་ཡོད་འདུག

 

ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པས་སེན་པི་ཊར་སེ་བྷག་གི་གཙུག་ལག་སློབ་གཉེར་ཁང་ (University of St.Petersburg ) གི་སློབ་དཔོན་ Grokhovski, Head of Tibetan and Mongolian Department  ལགས་དང་།  Dr.Uspensky, Lecturer of Tibetan and Mongolian Department, Badma Narmaev, Lecturer of Tibetan and Mongolian Department  བཅས་རྣམ་པ་གསུམ་དང་། དེ་བཞིན་དེ་གའི་སློབ་ཕྲུག་རྣམས་དང་ལྷན་འཛོམས་ཀྱིས་བོད་དོན་ཐོག་འགྲེལ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་འདུག སྐབས་དེར་སེན་པི་ཊར་སེ་བྷག་གི་གཙུག་ལག་སློབ་གཉེར་ཁང་གི་བོད་དང་སོག་པའི་སློབ་གཉེར་སྡེ་ཚན་གྱི་འགན་འཛིན་ནས་གསུང་དོན། ད་ཐེངས་བོད་མི་མང་སྤྱི་འཐུས་རྣམ་པ་སློབ་གཉེར་ཁང་དུ་ཕེབས་པ་ཐོག་མ་ཡིན་པས། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་གཙུག་ལག་སློབ་གཉེར་ཁང་གཉིས་དབར་འབྲེལ་བ་ཇེ་ཟབ་འགྲོ་བའི་རེ་བ་ཡོད་ཅེས་གསུངས་གནང་ཡོད་འདུག

དེ་ནས་སེན་པི་ཊར་སེ་སྦག་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༢༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་རྩ་དོན་འགྲུབ་ཐབས་ཀྱི་སྲིད་ཇུས། ས་གནས་སུ་བོད་དོན་རྒྱབ་སྐྱོར་བ་ཇེ་མང་གཏོང་ཐབས་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།