བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག་དགོངས་པ་རྫོགས་པར་ཁོང་གི་ཉེ་འབྲེལ་ལྟོས་བཅས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཕུལ་བ།

བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོགབཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག༄༅། །མཚུངས་མེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག་གི་ཉེ་འབྲེལ་ལྷན་རྒྱས་ལ།
ཆེད་འབུལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག་བར་ལམ་བསྙུན་བཞེས་ཀྱིས། འདི་ཚེས་ ༢༦ ཉིན་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར། སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། ཁྱེད་ཉེ་འབྲེལ་ལྷན་རྒྱས་དེ་བས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང། དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོའི་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་ཤིང། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་པའི་སྨོན་འདུན་དང་། ཁྱེད་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་དེ་དོན་དགོངས་མངའ་འཚལ། བོད་མི་མང་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༧ ལ་
ཕུལ།། །།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་༡༩༣༧ ལོར། མདོ་སྨད་རེབ་གོང་རྒྱལ་པོ་རླངས་ཚང་རོང་འབྲོག་གི་སྤྱི་དཔོན་རྡོ་རྗེ་དབང་རྒྱལ་དང་རོང་པོ་མཁར་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་པར། རེབ་གོང་༸སྐྱབས་མགོན་སྐུ་ཕྲེང་བདུན་པས་རོང་དབོན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་མ་ཧཱ་པཎ་ཊི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་ཅེས་བསྩལ། ལོ་དེར་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཆོས་ཞུགས་གནང་། རེབ་གོང་༸སྐྱབས་མགོན་བདུན་པ་ཆེན་པོའི་བཀའ་ལུང་བཞིན། རོང་པོ་དགོན་ཆེན་གྱི་གྲྭ་ཚང་ཁྲི་ཐོག་བདུན་ཅུ་དོན་གསུམ་པར་བཞུགས་ཏེ། ཆོས་སྲིད་གཉིས་ཀྱིས་སྐྱོང་ཁུར་གནང༌།
བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོགབཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག ཕྱི་ལོ་༡༩༥༥ ལོར་ལྷ་སར་ཕེབས་ཤིང༌། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆོས་ཞུགས་ཀྱི་རིམ་པར། ྋགོང་ས་མཆོག་ནས་ཚོགས་ཆེན་སྤྲུལ་སྐུའི་གདན་ཐོབ་བསྩལ། ཕྱི་ལོ་༡༩༥༩ ལོར་ལྷོ་ཁ་བརྒྱུད་འབྲུག་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས། ལོ་དེ་གའི་དགུན་ཐོག་གནས་མཆོག་རྡོ་རྗེ་གདན་དུ་ྋགོང་ས་ལྷ་མིའི་རྣམ་འདྲེན་མཆོག་ནས་བླ་སྤྲུལ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ་དེ་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། སྦག་ས་ཆོས་སྒར་དུ་བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་རིན་པོ་ཆེ་སོགས་བོད་ཕྱི་ནང་དུ་བླ་མ་སྐྱེས་ཆེན་དམ་པ་སུམ་ཅུ་ཙམ་ལ་བསྟེན་ནས་ཁྱོན་ལོ་ངོ་ཉི་ཤུའི་རིང་བོད་ཕྱི་ནང་གཉིས་ཀར་ཐོས་བསམ་གནང་།

ཕྱི་ལོ་༡༩༦༣ ལོར། རྡ་རམ་ས་ལར་ྋབོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཐེངས་དང་པོར་ཞུགས། ཕྱི་ལོ་༡༩༦༥ ནས་ཕྱི་ལོ་༡༩༧༩ ལོའི་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཞིའི་རིང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་སྤྱི་འཐུས་ལས་ཁུར་དང༌། རིམ་པས་སྤྱི་འཐུས་སྐབས་ལྔ་པའི་ཚོགས་གཞོན་དང༌། སྤྱི་འཐུས་སྐབས་དྲུག་པའི་ཚོགས་གཙོའི་ཐུགས་འགན་བཞེས། ཕྱི་ལོ་༡༩༨༠ ནས་ཕྱི་ལོ་༡༩༨༥ བར་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན་གནང༌། ཕྱི་ལོ་༡༩༨༦ ནས་ཕྱི་ལོ་༡༩༩༡ བར་ནང་སྲིད་བཀའ་བློན་གཞོན་པ་དང༌། དེ་ནས་བདེ་སྲུང་བཀའ་བློན་གནང༌། ཕྱི་ལོ་༡༩༩༢ ནས་ཕྱི་ལོ་༡༩༩༥ བར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དང་། ཕྱི་ལོ་༡༩༩༦ ནས་ཕྱི་ལོ་༢༠༠༤ བར་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གནང་བས་མཚོན། གཞན་ཡང༌། འོས་བསྡུའི་འགན་འཛིན་དང༌། ལས་བྱེད་བདག་གཉེར་ལྷན་ཁང་གི་ཚོགས་མི་སོགས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་མྱོང་བ་དང་། ཕྱི་ལོ་༡༩༨༥ ལོར་ྋགོང་ས་མཆོག་གིས། གཟིགས་སྐོར་སྐུ་ཚབ་ཐེངས་བཞི་པའི་ཁོངས་ཚོགས་གཞོན་གྱི་ལས་ཁུར་བསྐོ་འཛུགས་བསྐྱངས་དོན་ལྟར། རྒྱ་ནག་པེ་ཅིང་དུ་ཕེབས་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། ང་ཕོད་ངག་དབང་འཇིགས་མེད་སོགས་བོད་ཀྱི་བླ་དཔོན་ཁག་ཅིག་དང༌། ཕྱོགས་མཚུངས་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་ཡང་ཅིན་རིན་དང༌། བློན་ཆེན་གཞོན་པ་ཅཱང་ཕིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་རྒན་གཞོན་སོགས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་མཇལ་མོལ་དང༌། པེ་ཅིན་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་དང༌། མི་རིགས་དཔེ་སྐྲུན་ཁང་། པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་དགོན་པ་ཁག་ཅིག་ལ་གཟིགས་སྐོར་གྲུབ་མཚམས། རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས། དེ་རྗེས་ཞི་ཨན་དང་། མཚོ་སྔོན་དང༌། ཀན་སུའུ་སོགས་སུ། འཇམ་དབྱངས་བཞད་པ་རིན་པོ་ཆེ་སོགས་བླ་སྤྲུལ་ཆེ་ཁག་དང༌། མཁས་པ་དང་མི་སྣ་གནད་ཡོད་། གཞན་ཡང་། སེར་སྐྱ་ཕོ་མོ་རྒན་གཞོན་གང་མང་ལ་འབྲེལ་མོལ་གནང་ཐུབ་པ་བྱུང་། ཕྱི་ལོ་༡༩༨༦ ལོར་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཆིབས་བསྒྱུར་སྐབས། ྋགོང་ས་མཆོག་གིས་སྐུ་ཚབ་ཏུ་མངགས་པ་ལྟར། ཀུན་གཟིགས་མཆོག་དང་གུང་ཐང་རིན་པོ་ཆེ་སོ་སོར་མཇལ་མོལ་གནང༌། ཕྱི་ལོ་༡༩༩༩ ལོར་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་མི་སྣ་རྒྱས་འཛོམས་ཀྱིས་ྋགོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་བཅུ་འཁོར་བར་རྗེས་དྲན་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་བཞིན། སྐབས་དེའི་འགྲོ་གྲོན་ཡོངས་རྫོགས་རིན་པོ་ཆེ་རང་ཉིད་ནས་འབོད་སྐུལ་ཐབས་ཤེས་གནང་ཞིང། དེ་བཞིན་ཁོང་གིས་སློབ་སྟོན་པའི་གཙོ་འགན་བཞེས་པའི་ཐོག་ནས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བསྔགས་པའི་སྙན་རྩོམ་ཕྱོགས་བསྒྲིགས་(དད་གདུང་ཉི་ཟླའི་མཆོད་ཕྲེང་)དང༌། རྒྱལ་བའི་མཛད་རྣམ་(ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང༌། འོད་སྟོང་འབར་བའི་མི་ཚེ།) ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་(བདེན་པའི་རང་མདངས་གསལ་བའི་མེ་ལོང་།) ཞེས་པའི་མཛད་དེབ་ཆེད་དུ་རྩོམ་སྒྲིག་ཞུས་པ་དེ་དང༌། དེ་བཞིན་བདེ་སྲུང་ཉམས་ཞིབ་ཁང་ནས་དཔར་འདེབས་ཞུས་པའི་(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།)བཅས་ཚོགས་མི་ཡོངས་རྫོགས་ལ་འགྲེམས་སྤེལ་ཞུས་པ་བཅས་ཀྱིས་མཚོན། བོད་བསྟན་པ་ཆབ་སྲིད་གང་ཅིར་སྨན་ངེས་ཀྱི་ཕྱག་ལས་རྒྱ་ཆེ་ཆུང་མང་པོ་ཞིག་གནང་ཡོད་པ་དང༌། རྒན་ཡོལ་དུ་བཞུགས་པའི་གནས་སྐབས་སུའང༌། གཞོན་སྐྱེས་ཤེས་ཡོན་ཅན་མང་པོར་མགོ་འདོན་རོགས་འདེགས་གང་ཡོང་གནང་སྟེ། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་ཆེ་ཕྲར་བཀོད་འདོམས་དང་མཐུན་རྐྱེན་ཐབས་འཚོལ་གྱི་རྐང་འགན་བཞེས་ཏེ། ཕྱི་ལོ་༢༠༠༡ ལོར་དོལ་རྒྱལ་རྗེས་འབྲངས་དང་བཅས་པར་མདོ་སྨད་མི་དམངས་ཀྱི་ལངས་ཕྱོགས་སྐོར་གྱི་དེབ་(མདོ་སྨད་ཆོལ་ཁས་དོལ་རྒྱལ་སྐོར་ལ་བསྒྲགས་གཏམ།) ཕྱི་ལོ་༢༠༠༢ ལོར་རྩོམ་སྒྲིག་མགོ་འཛུགས་ཞུས་ཏེ། ཕྱི་ལོ་༢༠༠༦ ལོར་ཉམས་ཞིབ་དང་རྩོམ་སྒྲིག་གྲུབ་པའི་དེབ་(དོལ་རྒྱལ་བྱུང་རིམ་དང་རྙོག་གླེང་བཅས་པར་དཔྱད་པ་གཡའ་སེལ་མེ་ལོང་།) ཕྱི་ལོ་༢༠༠༨ ལོར་(ས་བྱི་ཞི་རྒོལ་ཆེན་མོ།)དང་། ཕྱི་ལོ་༢༠༠༩ ལོར་(གནམ་ས་གོ་འབྱེད།)དང་། ཕྱི་ལོ་༢༠༡༡ ལོར་༸གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་ (འཇིག་རྟེན་མིག་འབྱེད།)༸བོད་དབྱིན་འགྲེལ་བཤད་གཉིས་ལྡན་ཡོངས་ཁྱབ་འགྲེམས་སྤེལ། དེ་བཞིན།ཕྱི་ལོ་༢༠༡༢ ལོར་ (ལྕགས་ཡོས་བཙན་རྒོལ་མེ་ལྕེ།)དང་། (གཞིས་བཞུགས་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ལ་ལྟ་བ།)དང་། (རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས།)ཞེས་པའི་དཔེ་དེབ་རྣམས་ནི། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་མགོ་འདོན་གནང་བ་ལས་བྱུང་བའི་གྲུབ་འབྲས་ཆགས་ཡོད།

གཞན་ཡང་། ཁོང་གིས་གཙོ་འགན་བཞེས་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་སྣ་ཚོགས་དང༌། བཀའ་སློབ་གསུང་བཤད་རིགས། བརྙན་འཁོར་གྱི་རིགས་སྡུད་སྒྲིག་གིས་ Documentary གློག་བརྙན་དང་འབྲེལ་བའི་དངོས་བྱུང་རྣམ་ཐར་ཞིག་བཟོ་སྐྲུན་ཞུ་འཆར་སྐོར་༸གོང་ས༸སྐྱབས་མགོན་ཆེན་པོར་སྙན་གསན་ཕུལ་བའི་ཕྱིར་ཕེབས་སུ། དེ་སྐོར་ངེས་པར་སྤུས་དག་ཅིག་ཡོང་བ་དགོས་སྐོར་བཀའ་བཞེས་སྩལ་ཐོབ་དང་བཅས་ཏེ། ལོ་ཤས་གོང་ནས་དེ་སྐོར་ལས་དོན་དབུ་འཛུགས་ཞུས་ཟིན་པ་བཅས་མདོར་ན། གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་བོད་བསྟན་སྲིད་སྤྱི་ལ་ཕན་པའི་མཛད་རྗེས་བཞག་དང་འཇོག་བཞིན་པའི་མུར་ཕྱི་ལོ་༢༠༡༢ཟླ ༧ ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་ཀང་ར་སྨན་ཁང་དུ་སྐུ་གཤེགས།

Menu