བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཉེ་ཆར་མཇུག་སྒྲིལ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་ཐོག་ཕེབས་པའི་དབུས་ས་གཉིས་ཀྱི་ཚོགས་བཅར་བ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད།

དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྣམས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་གནང་བཞིན་པའི་སྐོར། སྤྱི་འཐུས་རྣམ་པ་ས་བགོས་བརྒྱབ་ནས་བོད་མིའི་གཞིས་ཆགས་ཁག་ལ་ཕེབས་ཏེ་ས་གནས་བོད་རིགས་མི་མང་དང་མཇལ་འཕྲད་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་དང་འབྲེལ་བའི་གནས་སྟངས་ངོ་སྤྲོད། ས་གནས་ཁག་གི་བོད་མིའི་འཚོ་བའི་གནས་སྟངས་སོགས་རྒྱུས་ལོན་གནང་གི་ཡོད་པའི་སྐོར་སོགས་གསུངས་གནང་བ་མ་ཟད། རྒྱ་གར་ས་གནས་སྲིད་དོན་ཚོགས་པ་ཁག་དང་འབྲེལ་བ་གང་མང་གནང་དགོས་པ་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་ཆེ་རུ་གཏོང་ཐབས་གནང་དགོས་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ད་བར་ཁྲིམས་སྒྲིག་ཁག་ ༢༧ གཏན་འབེབས་གནང་ཡོད་པ་བཅས་ལ་ཚང་མས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu