བཀའ་ཟུར་ཀིརྟི་རིན་པོ་ཆེས་རྒྱ་ནག་གཞུང་ལ་སྤྲིངས་པའི་ཛ་དྲག་གི་འབོད་སྐུལ།

༄༅།། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང༌། ལྷག་པར་ཟི་ཁྲོན་ཞིང་ཆེན་དང༌། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་ཞུ་རྒྱུར།

དབུས་གཞུང་གི་བཀའ་འབྲེལ་ཡིན་མིན་གང་ལྟར་ཡང༌། ད་ལམ་རྔ་པ་ཀིརྟིའི་དགོན་པར་དྲག་པོའི་དམག་དཔུང་དང་ལས་བྱེད་མཉམ་འབྲེལ་གྱིས་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དམ་བསྒྲགས་ཤུགས་ཆེའི་འོག་རང་དབང་ཐམས་ཅད་བཙན་འཕྲོགས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་སྡུག་བསྔལ་ཤུགས་ཆེ་མྱོང་བཞིན་པར་བློ་ཕམ་ཚད་མེད་དང་འབྲེལ་མེ་ཚིག་མེར་གཏུགས་ཀྱིས་རེ་འདུན་ཞུ་རྒྱུར།  རྔ་པ་ཀིརྟིའི་དགོན་པ་དང་འབྲེལ་ཡོད་སེར་སྐྱ་མི་མང་དང་བཅས་པར་གང་བྱུང་གིས་འཇིགས་བསྐུལ་དྲག་གནོན་དང་གཡོ་ཐབས་སྣ་ཚོགས་ཀྱིས་བསུན་གཙེར་བཟོ་བཞིན་པར་འབྲས་བུ་ལེགས་པ་ཞིག་འཐོན་རྒྱུ་ཡེ་ནས་མེད་པས་མྱུར་དུ་མཚམས་འཇོག་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་གར་དོན་རྐྱེན་ལྷགས་པའི་འབྱུང་རྩ་ནི་རྒྱ་གཞུང་གི་གནང་ཕྱོགས་ལ་མི་མང་གི་བློ་ཁ་མ་ཁེངས་པས་ཡིན་ནའང་རྒྱུ་མཚན་གཞན་སྣ་ཚོགས་ཡོད་ཚུལ་གོང་རིམ་ལ་ཞུ་མཁན་ཡོད་ཚེ་རྫུན་ཞུས་ཀྱིས་གཞུང་དང་མི་མང་དབར་རྒྱང་ཐག་རིང་དུ་བཏང་བའི་བྱ་སྤྱོད་ཡིན་པས་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས། འཆམ་མཐུན་གྱི་སྤྱི་ཚོགས། ཞེས་གསུངས་པའི་དགོངས་དོན་དང་དངོས་སུ་འགལ་བའི་བྱ་སྤྱོད་ལག་ལེན་དུ་བསྟར་བ་ཞིག་མ་རེད་དམ། དོན་དམ་པའི་འཆམ་མཐུན་ཞིག་གནང་འདོད་ཡོད་ན་གཞུང་དང་མི་མང་དབར་ཐག་ཉེ་རུ་གཏང་དགོས་པ་མ་གཏོགས། གོ་སྐབས་བཟུང་ནས་ཆབ་སྲིད་ཀྱི་ཞྭ་མོ་ལྕི་མོ་ཞིག་སོ་སོའི་མི་མང་ཁག་ཅིག་ལ་གཡོགས་ཏེ་བདེན་རྫུན་ཅི་རིགས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་བཀལ་ནས་རྒྱ་གཞུང་ལ་ཤ་ཚ་མདོག་གིས་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་གཞུང་དམངས་གདོང་ཐུག་ཡོང་བའི་ཐབས་ལ་འབད་མཁན་ཞི་དྲག་ལས་བྱེད་དེ་ཚོའི་གྲས་ནི་ཏང་ཡོན་དང་རྒྱལ་གཅེས་པ་ཞིག་མིན་པར་ལྐོགས་ཟ་རུལ་སུངས་དང་ངན་པ་ལག་སྦྲེལ་ཅན་ཡིན་པ་མཁྱེན་དགོས། རྒྱ་དོགས་པས་ཕུང༌། ཟེར་བ་ལྟར་དོགས་ཟོན་ཁོ་ནས་རྡུང་རྡེག་ཚ་ནན་དང་མེ་མདའི་འོག་ནས་འཆམ་མཐུན་ཡོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་འདི་ཁས་ལེན་ཐུབ་པའི་ཕོད་པ་ཞིག་དབུ་ཁྲིད་ཚོར་ཡོད་དགོས། སེམས་ཅན་དུད་འགྲོ་ཞིག་ལ་མཚོན་ནའང་བྱམས་པོ་བྱས་ན་གཉེན་དང་རྩུབ་སྤྱོད་བྱས་ན་གཉེན་དུ་འགྱུར་མི་ཐུབ་པ་ལྟ་བུ་མ་རེད་དམ།

ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་ལ་སྟོབས་ཆེན་སུ་ཞིག་གིས་ཁ་ཕྱོགས་བསྒྱུར་མི་ཐུབ་པ་ལྟར་འཛམ་གླིང་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་འདི་འགོག་ཐབས་མེད་པས་མི་མང་གི་བསམ་བློའི་འགྱུར་བ་ལ་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་ཏང་གི་ཚོགས་པ་དེའི་དབང་ཤུགས་གནས་ཐབས་ཁོ་ན་ཙམ་མི་བསམ་པར་དོན་དམ་པའི་མི་མང་གི་བདེ་དོན་བསམ་ཕོད་པ་དང་ལེགས་བཅོས་གཏོང་ཕོད་པ་ཞིག་གནང་ནས་གཞུང་དམངས་དབར་གདོང་ཐུག་མི་ཡོང་བའི་ཐབས་ཤེས་འཚེ་བ་མེད་པའི་སྒོ་ནས་གནང་ན་འབྲེལ་ཐག་ཉེ་རུ་འགྲོ་བས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་བ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན། འགོ་ཁྲིད་ཀྱིས་རང་གི་མི་མང་ལ་ཡིད་ཆེས་སྐྱེ་མི་ཐུབ་པར་དོགས་ཟོན་ཁོ་ནས་བཙིར་གནོན་དམ་བསྒྲགས་བྱས་ཚེ་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་གཞུང་དམངས་གདོང་ཐུག་ཡོང་རྒྱུ་ཁོ་ན་ལས་འཆམ་མཐུན་ཡོང་ཐབས་བྲལ་བས་རྩུབ་སྤྱོད་འདིའི་རིགས་རྒྱལ་ཡོངས་སྤྱི་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཐམས་ཅད་ལ་མྱུར་དུ་མཚམས་འཇོག་ཡོང་བའི་རེ་སྐུལ་ནན་པོ་ཞུ་བཞིན་ཡོད། རྩུབ་སྤྱོད་འདི་ཁོ་ན་མུ་མཐུད་ནས་རྒྱལ་ཡོངས་གང་སར་ལག་ལེན་བསྟར་ཚེ་དམག་མི་དང་བཙོན་ཁང་གིས་མི་འདང་བའི་གནས་སུ་གྱར་སྲིད། ད་ལྟའི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་འདི་ནི་གྲལ་རིམ་འཐབ་རྩོད་སྐབས་ཀྱི་ལམ་སྲོལ་རྙིང་རུལ་ཅན་དེ་རེད། མི་མང་ནི་དཔལ་འབྱོར་དང་དྲིལ་བསྒྲགས་ཁོ་ནས་དབང་བསྒྱུར་ཐུབ་བསམ་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཡིན་པ་མཁྱེན་དགོས། མེ་མདའི་ཁ་ནས་སྲིད་དབང་འཛིན། ཞེས་པའི་དུས་ཚོད་ཡོལ་ཟིན་ནའང་དུས་དང་བསྟུན་མ་ཤེས་པར་ད་དུང་མེ་མདའི་ཁ་ནས་སྲིད་དབང་འཛིན་ཐབས་བྱས་ཚེ་ལམ་ལྷོང་ཡོང་རྒྱུའི་ཚབ་ཏུ་གཞུང་དམངས་དབར་གདོང་ཐུག་དང་ཆག་སྒོ་ཕྱོགས་གང་ས་ནས་རྒྱུན་མ་ཆད་པར་ཡོང་བ་ཆོས་ཉིད་ཡིན་པས་རྐྱེན་ངན་སྔོན་འགོག་ཆེད་རྒྱ་གཞུང་མི་མང་དང་བཅས་པར་ཕན་པའི་ལྷག་བསམ་གྱིས་དྲན་བསྐུལ་ཞུ་བ་དང་ཆབས་ཅིག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་དབུ་མའི་ལམ་འདི་རྒྱལ་ཁབ་བརྟན་ལྷིང་ཡོང་བའི་རྒྱུ་གཅིག་པུ་ཡིན་པས་ཉིན་འགྱངས་ཞག་འགྱངས་སུ་མ་བཏང་བར་བོད་རྒྱ་ཞི་མོལ་མྱུར་མགྱོགས་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་བཅས། རྒྱ་གར་འཕགས་ཡུལ་ནས་ཀིརྟི་སྤྲུལ་མིང་པས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ལ་

ཕུལ།

Menu