བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ༡༠༡༢ ཟླ་༧ ཚེས༡༠ ཉིན བསྒྲགས་གཏམ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ ༥ པའི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་ཐང་དུ། མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དཔེ་ལུང་སྡེ་བའི་རང་ལོ་ ༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་དང་། རྔ་པ་སོ་རུ་མའི་རང་ལོ་ ༢༥ ཡིན་པའི་དར་རྒྱས་ལགས་རྣམ་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་རྡོ་རྗེ་ཚེ་བརྟན་ལགས་སྐུ་གཤེགས་ཤིང་། དར་རྒྱས་ལགས་ཉིན་དེར་སྤྱི་བདེ་ཉེན་རྟོག་པས་སྨན་ཁང་དུ་བཙན་འཁྱེར་བྱས་ནས་ད་ལྟའི་བར། ནང་མི་གཉེན་འབྲེལ་ཚོར་ཐུག་འཕྲད་བྱེད་མ་བཅུག་པར་དམ་དྲག་འོག་སྨན་བཅོས་བྱེད་དགོས་བྱུང་ཡོད་ཀྱང་། ཟླ་༧ ཕྱི་ཚེས་ ༧ ཉིན་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཡོད་པའི་གནས་ཚུལ་ཐོན་འདུག་ཅེས་བཀོད་ཡོད་ཀྱང་། དར་རྒྱས་ལགས་སྐུ་གཤེགས་པའི་གནས་ཚུལ་ཕྱི་ལོགས་སུ་མཁོ་གཏོང་གནང་མཁན་གྱིས། ཁོང་སྨན་ཁང་དུ་ཧ་ཅང་ཛ་དྲག་གིས་གསོན་རེ་བྲལ་བ་ལྟ་བུའི་གནས་སྟངས་ཤིག་གི་འོག་འདས་གྲོངས་སུ་ཕྱིན་པར་ཆ་བཞག་སྟེ། བརྒྱུད་ལམ་ཁག་ཏུ་བསྒྲགས་པ་ཞིག་ཡིན་འདུག ང་ཚོས་འབྲེལ་ཡོད་ལ་རྕད་གཅོད་བྱེད་སྐབས་ཁོང་འདས་གྲངས་སུ་ཕྱིན་པའི་གསལ་ཁ་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག་ན། བོད་ཆོལ་ཁ་གསུམ་གྱི་ནང་དུ་ཕྱི་ལོ་༢༠༠༩ ལོ་ནས་ད་ལྟའི་བར་སྐུ་ལུས་མེར་བསྲེགས་གནང་མཁན་ཡོངས་གྲགས་ང་ཚོས་ཧ་གོ་བའི་གྲངས་ཀ་ནི། ༤༤ དང་། དེའི་ནང་ནས་སྐུ་གཤེགས་པའི་གྲངས་ཀ་ནི། ༣༤ ཆགས་ཡོད། ཚང་མས་མཁྱེན་གསལ་ལྟར། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་དམར་དམར་རྗེན་རྗེན་གྱིས་བོད་ཕྱི་ནང་གི་བརྒྱུད་ལམ་ཁག་དམ་དྲག་བྱེད་ཀྱི་ཡོད་པར་མ་ཟད། སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གདུག་རྩུབ་སྲིད་བྱུས་ལ་ཞི་རྒོལ་གནང་མཁན་ལ་ཧ་ལས་པའི་རྡུང་བརྡེག་དང་། དྲག་གནོན། བསུན་གཙེར། འཁྱོག་བཤད་བཅས་བསམ་ཡུལ་ལས་འདས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་བཙན་ཤུགས་ཀྱིས་ལག་བསྟར་བྱེད་བཞིན་ཡོད་པས། སྐབས་རེར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བདེན་རྫུན་ཅི་རིགས་ཡོང་སྲིད་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་རྟོག་ཞིབ་པ་ཤར་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་བྱས་དང་བྱེད་བཞིན་ཡོད། ང་ཚོས་བསྒྲགས་གཏམ་སྤེལ་སྐབས་ཁ་གསལ་་གཏིང་གསལ་དང་ཕྱི་གསལ་ནང་གསལ་བཟོ་རྒྱུར་གང་གཟབ་གཟབ་བྱེད་བཞིན་ཡོད་ནའང་། ད་དུང་མ་འདང་བའི་ཆ་ཕྱོགས་གང་ཅིའི་ཐད་ནས་ཡོང་སྲིད་པས། བོད་ཕྱི་ནང་གི་རྒྱ་ཆེའི་སེར་སྐྱ་ཐུགས་སྣང་ཅན་དང་རྒྱུས་ཡོད་དག་གིས་དགོངས་པ་ཆེར་བཞེས་ཀྱིས་སྐབས་འཕྲལ་རོགས་རམ་དང་ལམ་སྟོན་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༠༡༢ ཟླ་༨ ཚེས་ ༡ཉིན།