དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀང་ར་རྫོང་གི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྤྱི་ཁྱབ་མཆོག་དང་ཕྱག་རོགས་ཤིག་མཇལ་འཕྲད་གནང་བ།

༄༅།། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ཉིན་ཀང་ར་རྫོང་གི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ (RSS) སྤྱི་ཁྱབ་སྐུ་ཞབས་ བྷུ་ཤན་ ར་ན་ (Shri Bushan Rana) མཆོག་དང་། ཁོང་གི་ཕྱག་རོགས་སྐུ་ཞབས་ཝི་ཤལ་ ན་ར་ཡན་ (Dr. Vishal Narayan) ལགས་རྣམ་གཉིས་ནས་གལ་ཆེ་མི་སྣ་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་ནང་གཟིགས་སྐོར་ཕེབས་རྗེས། ཚོགས་གཞོན་ལས་ཁུངས་ནང་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་ཁོང་རྣམ་གཉིས་ལ་འཚམས་འདྲི་དང་སྦྲགས། དེ་རིང་ཁོང་རྣམ་གཉིས་རང་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བོད་ཀྱི་གནད་དོན་ཐོག་ད་བར་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། འདས་པའི་ལོ་ངོ་ ༢༠ ནང་སྐུ་ཞབས་ཨེན་དིར་ཤཱི་ (Indresh) མཆོག་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཆེད་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibet Sayog Manch) བཙུགས་གནང་ཡོད་པའི་སྐོར་དང་། མ་འོངས་པར་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འདུ་འཛོམས་ཁག་གི་ནང་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ་དང་ལོ་རྒྱུས། བོད་ནང་གི་ཛ་དྲག་གནས་སྟངས། བཙན་བྱོལ་ནང་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་གང་ཐུབ་གསལ་བཤད་དང་གོ་རྟོགས་སྤེལ་བའི་ཐོག་ནས་རྒྱབ་སྐྱོར་སྔར་ལྷག་ཐོབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཁོང་རྣམ་གཉིས་ལ་ཕུལ་གནང་ཡོད།
དེ་རྗེས་སྐུ་ཞབས་བྷུ་ཤན་ ར་ན་མཆོག་གིས་བོད་ཀྱི་གནད་དོན་འདི་གང་མགྱོགས་སེལ་བའི་ཡིད་ཆེས་དང་། བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་གལ་ཆེ་ཡིན་པ་དང་། ནུས་པ་དེ་ཉིད་མི་ཉམས་པར་གནས་པ་བྱ་དགོས་གལ་སོགས་གསུངས་གནང་སོང་། སྐུ་ཞབས་ཁོང་ནི་རྒྱ་གར་གྱི་སྒྲིག་འཛུགས་གཅིག་གི་སྣེ་འཁྲིད་པ་ཡིན་དུས་བོད་དོན་ཐོག་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས། །