དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་འགྲོ་ལུགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་འཛམ་གླིང་ཚོགས་པ་བརྒྱུད་ཐེ་ཝན་བོད་ཀྱི་གྲོགས་པོ་ (Taiwan Friends of Tibet) ཡི་ཚོགས་མི་ ༡༣ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་ཡོད།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་སྙིང་བསྡུས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་ཁག་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བཙན་བྱོལ་ནང་གི་མང་གཙོའི་བྱུང་རིམ་མདོར་བསྡུས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། སྤྱི་འཐུས་རྒྱུན་ལས་རྣམས་ཀྱི་ལས་ཀའི་ངོ་བོ།  ལོ་གཅིག་གི་ནང་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར། སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆབ་སྲིད་མི་སྣ་མཇལ་འཕྲད་དང་བོད་ཀྱི་གནས་ཚུལ་སྙན་གསན་ཞུ་ཆེད་ཕེབས་རྒྱུའི་ལས་རིམ་ངོ་སྤྲོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་གི་བྱུང་རིམ་དང་ལས་དོན་གནང་ཕྱོགས། རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་དྲུག་གི་སྐོར། གཞན་ཡང་བོད་རྒྱ་གྲོས་མོལ་དང་དེའི་གལ་གནད་སོགས་ཀྱི་སྐོར་གསུངས་གནང་གྲུབ་མཚམས་སློབ་ཕྲུག་རྣམ་པར་བོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ལ་དོ་སྣང་དང་གོ་རྟོགས་ཡོད་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་ཐབས་ཡོང་བའི་འབོད་སྐུལ་ཞུས་གནང་བའི་རྗེས་སུ་སློབ་ཕྲུག་རྣམ་པས་གཅིག་མཇུག་གཉིས་མཐུད་ཀྱི་དྲི་བ་འདོན་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །