༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༧ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་བརྒྱུད་ཐེ་ལྦན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ ༡༤ དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འཛམ་གླིང་ཚོགས་པའི་སྣེ་འཁྲིད་འོག་ཕྱི་རྒྱལ་མཐོ་སློབ་འདྲ་མིན་གྱི་སློབ་གཉེར་བ་ཁག་ཅིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་བ་དང་།
དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། དེ་བཞིན་བོད་མིའི་མང་གཙོའི་འཕེལ་རིམ། བོད་ཀྱི་འདས་པའི་ལོ་རྒྱུས་སྙིང་བསྡུས། ད་ལྟའི་བོད་ཀྱི་གནས་བབ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་གི་ངོ་སྤྲོད། དབུ་མའི་ལམ་གྱི་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་དཔལ་འབྱོར་ཡོང་ཁུངས་སོགས་ཀྱི་སྐོར་གསུངས་གནང་གྲུབ་རྗེས་སློབ་ཕྲུག་རྣམ་པར་བོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ལ་དོ་སྣང་དང་ཤེས་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ།།