དཔལ་ལྡན་ཚོགས་གཞོན་མཆོག་གིས་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་དྲུང་ཆེ་སོགས་དང་མཇལ་འཕྲད་གནང་བ།

༄༅། ། ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་ (Vishva Hindu Parishad) རྒྱ་གར་བྱང་ཤར་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཚོགས་མི་ཁག་ཅིག་ཚོགས་པའི་ལས་དོན་སླད་བཞུགས་སྒར་དུ་ཕེབས་པ་དང་བསྟུན། དེ་རིང་རྡ་ས་ཁུལ་ལ་ལས་འཆར་ཁག་ཅིག་བསྐྱངས་རྗེས་ཁོང་རྣམ་པའི་ཐུགས་འདོད་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུའི་དུས་ཚོད་སྔོན་ཞུས་ལྟར། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མུ་ཀེ་ཤི་ (Mukesh,Sanganthan Mantri,Uttarkshetra,VHP) ལགས་དང་། ཚོགས་པའི་ཚོགས་མི་སྐུ་ཞབས་ནི་རཱ་ཇ་ (Neeraj) ལགས། ཚོགས་མི་སྐུ་ཞབས་པཱ་རཱ་ས་ (Paras) ལགས། ཚོགས་མི་སྐུ་ཞབས་ཨ་ཇེ་ (Ajay) ལགས། ཚོགས་མི་སྐུ་ཞབས་ཤི་ཝ་ (Shiva) ལགས། དེ་བཞིན་རྡ་ས་ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་ཚོགས་མི་སྐུ་ཞབས་ཝི་ཤལ་ (Vishal) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། བོད་ནང་རྒྱ་ནག་དམར་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ཡིན་པ་དང་། དེར་གཞིས་བཞུགས་བོད་མི་རྣམས་མི་བཟོད་པར་སེར་སྐྱ་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་རང་ལུས་མེར་བསྲེགས་ཕུལ་བ་སོགས་གདོང་ལེན་བྱེད་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་ཤེད་ཐོག་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་ལུགས། བོད་ས་དེ་ནི་རྒྱ་ནག་གི་དམག་ས་ལྟ་བུར་བཟོ་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་པའི་འཐབ་རྩོད་དེ་བཞིན་འཛམ་གླིང་ཡོངས་ཁྱབ་ཆགས་བཞིན་ཡོད་པ་མ་ཟད། འཛམ་གླིང་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ཡོད་པ། དེ་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ངོ་སྤྲོད་དང་།

དེ་བཞིན་རྒྱ་དམར་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བླ་ཆེན་རྣམ་པའི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐོག་ལའང་བྱུས་ངན་བཏོན་དང་འདོན་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༡༩ ལོར་དམིགས་བསལ་ཚོགས་ཆེན་འཚོགས་ཏེ། རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད་པའི་གྲོས་ཆོད་བཞག་ཡོད་སྐོར། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྐྱེན་པས་འཛམ་གླིང་ནང་དཀའ་ངལ་ཆེན་པོ་བཟོས་དང་བཟོ་བཞིན་པ་མ་ཟད། རྒྱ་དཀར་ནག་གི་ས་མཚམས་སུའང་རྙོག་གྲ་རིམ་པ་བཟོས་སྟབས། རྒྱལ་སྤྱིའི་ནང་རྒྱ་དམར་གཞུང་ལ་མ་དགའ་མཁན་ཇེ་མང་དུ་འགྲོ་བཞིན་པའི་དུས་ཚོད་འདིར་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བ་དང་། ལྷག་པར་དུ་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་ཚོགས་གཙོ་ཞིང་གཤེགས་དམ་པ་སྐུ་ཞབས་ཨ་ཤོག་སིང་གྷལ་ (Ashok Singhal) མཆོག་ནི་༸གོང་ས་མཆོག་དང་ལྷན་ཡང་ཡང་མཇལ་འཕྲད་གནང་མྱོང་མཁན་ཞིག་དང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། ཁོང་རྣམས་ནས་དམ་པ་ཁོང་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བར། དེ་ལྟར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།

མཐར་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །