དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་རྣམ་གཉིས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ལྕམ་སྐུ་བྷི་ཐ་ནི་ པའོ་ལོ་ས་ (Ms.Bethany Poulos,Legislative Assistant,Office of Senator Rubio) ལགས་དང་། སྐུ་ཞབས་ས་རྰ་ ཨར་ཀིན་ (Ms.Sarah Arkin,Deputy Staff Director,Senate Foreign Relations Committee) ལགས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་ མེ་ཁ་ཅི་ (Mr.Matteo Mecacci,President of ICT) ལགས། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་བཅས་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དང་། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ངོ་སྤྲོད། བོད་ནང་གི་གནས་སྟངས་དང་དམིགས་བསལ་རང་ལུས་མེར་བསྲེགས་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་བོད་དོན་ཐོག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱབ་སྐྱོར་ཤིན་ཏུ་ནས་གལ་ཆེན་པོ་ཡིན་སྟབས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་རྒྱུའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པར་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་། དེ་བཞིན་ཁོང་རྣམས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་སོགས་ཀྱི་དྲི་བ་བཏང་གནང་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་སོང་།