༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕྲེངྐ་ཧེན་རིག་ (Mr Frank Heinrich) མཆོག་གིས་སྣེ་འཁྲིད་པའི་འཇར་མན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨུ་ལེ་ཝོ་གི་ (Ms. Ute Vogt) མཆོག་དང་། ལྕམ་སྐུ་མར་གྷ་རེ་ཏི་བྷོ་སོ་ (Ms. Margareta Bause) མཆོག་བཅས་གསུམ་དང་། ཁོང་རྣམ་པའི་ཕྱག་རོགས་ལས་བྱེད་ལྕམ་སྐུ་ཨན་ཇ་ ཝུལ་ནི་ (Ms. Anja Wollny) ལགས་དང་། ལྕམ་སྐུ་ཨན་ཡ་ མ་ལོ་ད་ར་་(Ms. Anya Malhotra) ལགས། སྐུ་ཞབས་སི་མན་ སི་ཊོར་ས་ (Mr. Simon Stross) ལགས་བཅས་ལས་གྲུབ་པའི་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཇི་ལྟར་གཏན་འབེབས་གནང་ཚུལ་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་སྡེ་ཚན་གསུམ་སྟེ། རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་ཀྱི་ལས་དོན་ཁག་ངོ་སྤྲོད་དང་། དེ་བཞིན་ཁོང་རྣམ་པས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་། བོད་ནང་གི་ད་ལྟའི་གནས་སྟངས། ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་བོད་ཀྱི་འཐབ་རྩོད། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སོགས་དང་འབྲེལ་བའི་དྲི་བ་གནང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་སོང་།
ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༠༠ ཐོག་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཇར་མན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། སྐབས་དེར་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མི་དང་ལས་བྱེད་རྣམ་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་ངོ་སྤྲོད་གནང་རྗེས།
འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕྲེངྐ་ཧེན་རིག་ (Mr Frank Heinrich) མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམས་ལ་གསོལ་ཚིགས་འདེགས་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རྣམས་བཞུགས་སྒར་དུ་བོད་ནང་གི་གནས་ཚུལ་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ཤེས་རྟོགས་སླད་བཅར་བ་གཞིར་བཟུང་། གནད་ཡོད་མི་སྣ་རྣམས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གོ་རྟོགས་གཏིང་ཟབ་བྱུང་སྐོར་དང་། འཇར་མན་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་སོང་།
དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཁྱེད་རྣམས་ནི་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། དེ་རིང་ང་ཚོ་ལྷན་འཛོམས་གནང་བ་དེས་རྒྱ་ནག་གཞུང་ལ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་བོད་པ་གཅིག་པུ་མིན་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་ཡོད།
སྤྱིར་འཇར་མན་རྒྱལ་ཁབ་ནི་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། རྟག་ཏུ་དྲང་བདེན་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ཕྱི་ལོ་ ༢༠༡༥ ལོར་འཇར་མན་གྲོས་ཚོགས་ (German Bundestag) ཀྱི་ཚོགས་གཞོན་ལྕམ་སྐུ་ཀ་ལའོ་ཌི་ཡ་ རོ་ཐི་ (Ms Claudia Roth) མཆོག་བཞུགས་སྒར་དུ་གཞུང་འབྲེལ་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་བཅར་གནང་ཡོད་པ་མ་ཟད། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྕམ་སྐུ་ཁོང་ལ་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་བྱུང་ཡོད་པ་དང་། དེ་རིང་སླར་ཡང་ཁྱེད་རྣམས་ལ་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་།
ང་ཚོ་ཚང་མས་མཁྱེན་གསལ་ལྟར། བོད་ནང་མུ་མཐུད་དགོན་སྡེ་གཏོར་བཤིག་དང་། རང་ལུས་མེར་བསྲེགས་གནང་བཞིན་ཡོད་པས། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་གི་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ལས་གཞི་རྩའི་འགྲོ་བ་མིའི་གནས་སྟངས་ཐོག་རྩ་བ་ནས་ཡར་རྒྱས་ཕྱིན་མེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་སྐད་ཡིག་ཁྱབ་སྤེལ་ཤུགས་ཆེ་བྱེད་བཞིན་པ་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་དོ་ཕོག་གཏོང་བཞིན་ཡོད། དེ་བཞིན་བོད་ནང་སྤྱི་ཚོགས་དབྱེ་འབྱེད་དང་། འགྲིམ་འགྲུལ་ཕྱོགས་བསྐྱོད་དམ་བསྒྲགས་སོགས་ཀྱི་སྡུག་བསྔལ་མུ་མཐུད་མྱོང་བཞིན་ཡོད་པ་དང་། བོད་ཀྱི་ཁོར་ཡུག་ལྟ་བུར་ཆ་མཚོན་ན། རྒྱ་ནག་གཞུང་གིས་སོ་སོའི་དཔལ་འབྱོར་དང་། རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོང་ཐབས་སུ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེ་བཏང་དང་གཏོང་བཞིན་པ་རེད། བོད་ནི་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་ཡིན་པས། བོད་ཀྱི་ཁོར་ཡུག་ཉམས་རྒུད་ཀྱིས་གླིང་ཆེན་ཨེ་ཤི་ཡའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་རེད།
འཇར་མན་གྲོས་ཚོགས་ཀྱིས་འཇར་མན་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་ཐོག་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར། རྟག་ཏུ་བོད་ཀྱི་གནད་དོན་གླེང་སློང་གནང་བ་ནི་བཀའ་དྲིན་ཆེན་པོ་ཡིན། དེ་ཡང་ཕྱི་ལོ་ ༡༩༨༧ ལོར་ནུབ་འཇར་མན་གྲོས་ཚོགས་སུ་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བྱས་དང་བྱེད་བཞིན་པར། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བྱས་པ་དེ་དག་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་།
དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་འཇར་མན་གྲོས་ཚོགས་ནང་དེ་དང་འདྲ་བའི་གྲོས་ཆོད་ཅིག་བཞག་ཡོད། གྲོས་ཆོད་དེས་འཇར་མན་དང་རྒྱ་ནག་དབར་ཚོང་གི་འབྲེལ་ལམ་ཐད་རྩོད་པ་བྱུང་ཡོད་ཀྱང་། འཇར་མན་གྲོས་ཚོགས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད། གཞན་ཡང་ཕྱི་ལོ་ ༢༠༡༢ ལོར་འཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་རྒྱལ་སྤྱིའི་རྟོགས་ཞིབ་ཚོགས་པའི་སྐུ་ཚབ་འཐུས་མི་བཏང་སྟེ་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཇི་ཡིན་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ལོ་དེར་འཇར་མན་གྲོས་ཚོགས་ཀྱི་བོད་དོན་གླེང་མོལ་ཚོགས་ཆུང་གི་འགན་འཛིན་འཐུས་མི་གསུམ་གྱིས་འཇར་མན་གྱི་སྲིད་འཛིན་ལྕམ་སྐུ་ཨན་ཇེ་ལ་ མར་ཀེལ་ (German Chancellor Angela Merkel) མཆོག་ལ་འབྱོར་ལྡན་རྒྱལ་ཁབ་ ༢༠ (G20-Summit) ཚོགས་ཆེན་ཐོག་བོད་དོན་གླེང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།
ཉེ་ཆར་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་ནག་གཞུང་ནས་བོད་མིར་དྲག་གནོན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཆབས་ཅིག་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་རྣམས་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་འཇར་མན་གྲོས་ཚོགས་ནང་གྲངས་ཉུང་མི་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་གི་གནད་དོན་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་ཡོད་པ་རེད། འཇར་མན་གཞུང་མང་གཉིས་ནས་ད་བར་བོད་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ང་ཚོས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (The Reciprocal Access to Tibet Act) བཏོན་གནང་བ་དང་། ཨ་རིའི་སྲིད་འཛིན་གྱིས་ཁྲིམས་ཡིག་དེར་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ཁྲིམས་ཡིག་དེའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་གསལ་རྟོགས་ཐུབ་རྒྱུར་ཕན་ཐོགས་པའི་རེ་བ་ཡོད་པ་དང་། དེ་བཞིན་འཇར་མན་གཞུང་ནས་ཀྱང་ཁྲིམས་ཡིག་དེ་ལྟར་གཏན་འབེབས་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡོད།
མཐའ་དོན་དེར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་གསལ་ཐབས་བྱེད་བཞིན་ཡོད་པ་དེས་བོད་མིའི་དགོས་མཁོ་ཙམ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་། སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་སྟབས། ཁྱེད་རྣམས་ནས་རྒྱ་ནག་གཞུང་གི་འགོ་འཁྲིད་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུའི་འབོད་སྐུལ་གནང་སྐྱོང་ཡོང་བ་ཞུ། ཞེས་གསུངས་གནང་ཡོད་པ་དང་། དེ་ནས་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་བོད་དོན་སྐོར་ཕན་ཚུན་གོ་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། ཁོང་རྣམས་ནས་ཀྱང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པར་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །