དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ནས་ ༢༣ བར་ཉིན་བཅུའི་རིང་ལཏ་ཝི་ཡ་ (Latvia) དང་། སྦེལ་ཇམ་ (Belgium)  ཕ་རན་སི་ (France) བཅས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སོགས་མཇལ་འཕྲད་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༢ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་ལཏ་ཝི་ཡ་རྒྱལ་ས་རི་ག་ (Riga) ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༤་་་༡༧ བར་ས་གནས་སུ་མཛད་འཆར་དང་། ཕྱི་ཚེས་ ༡༨ ཉིན་རི་ག་ནས་སྦེལ་ཇམ་རྒྱལ་ས་སྦེར་སིལ་ (Brussels) ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༩་་་༢༠ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༡ ཉིན་སྦེར་སིལ་ནས་ཕ་རན་སིའི་རྒྱལ་ས་པེ་རི་སི་ (Paris) ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༢་་་༢༣ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༤ ཉིན་པེ་རི་སི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་སྔ་དྲོ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །

Menu