༄༅། །འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བོད་མདོ་སྨད་ཨ་མདོ་རྔ་པ་ནས་རྔ་པ་ཀིརྟིའི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་ལ་མེ་སྤར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང། ཁོང་འདས་གྲོངས་སུ་གྱུར་པ་དང་། རྔ་པ་རྫོང་སེར་སྐྱ་མི་མང་གིས་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་ཡང་བྱས།
ཕྱི་ཚེས་ ༡༧ ཙམ་ནས་རྔ་པ་རྫོང་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཆེད་རྔ་པ་ཁུལ་མཐོ་འབྲིང་སློབ་གྲྭའི་ནང་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་དང། རྔ་པ་ཁུལ་འཛམ་ཐང་རྫོང་ན་མདའ་ཤང་མི་མང་གིས་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་བྱས།
ཕྱི་ཟླ་ ༤ ཚེས་ ༨ ཡས་མས་ཤིག་ལ་སླར་ཡང་འཛམ་ཐང་རྫོང་བར་མ་ཤང་ཉེན་རྟོག་ལས་ཁུངས་མདུན་ནས་མི་གྲངས་ ༣༠ ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་སྐབས་འཕྲལ་དུ་ཉེན་རྟོག་མི་སྣས་གཅར་རྡུང་དྲག་པོ་བཏང་སྟབས་བོད་མི་གཞོན་སྐྱེས་ལོ་ ༣༠ ཡས་མས་ཅན་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་འདུག་པ་དང་དེ་རྗེས་མི་མང་གཅིག་སྟོང་ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་སྒོར་འབུམ་བདུན་ཙམ་སྤྲད་རྒྱུ་བྱས་ཏེ་སྐབས་དེའི་གནས་སྟངས་ཞི་འཇགས་བྱུང་ཡོད་ཀྱང་དེ་རྗེས་བཀག་སྡོམ་ནན་མོ་བྱས་པ་སོགས་རྒྱ་ནག་གཞུང་གིས་འཕྲལ་འཕྲལ་དུ་དྲག་གནོན་དང་བཀག་སྡོམ་བྱས་པར་མ་ཟད། དུས་དེ་ནས་བཟུང་ཉི་མ་རེ་རེ་བཞིན་རྔ་པ་རྫོང་དང་འཛམ་ཐང་རྫོང་ན་མདའ་ཤང་། བར་མ་ཤང་། ལྷག་པར་རྔ་པ་ཀིརྟིའི་དགོན་པ་དང་རྔ་པ་ཁུལ་མཐོ་འབྲིང་སློབ་གྲྭ་སོགས་ལ་དམག་དཔུང་འབོར་ཆེན་འགྲེམས་འཇོག་གིས་བཀག་སྡོམ་ནན་མོ་བྱས།
ད་བར་འདི་ནས་ཤེས་རྟོགས་བྱུང་བ་བོད་མི་སུམ་ཅུ་ལྷག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ། (འཛམ་ཐང་རྫོང་ནས་་་་་སློབ་གྲྭའི་དགེ་རྒན་དཔལ་ཁོ། རྡོ་རྗེ། ཨ་རྡོར། འོད་གསལ་རྡོ་རྗེ་སོགས་མི་བརྒྱད་དང་། རྔ་པ་རྫོང་ནས་་་་་་མཐའ་བ་འགབ་མའི་ཚེ་རིང་སྐྱིད། མཐའ་བ་གོང་མའི་བློ་བཟང་འཇམ་དབྱངས། དབང་ཕྱུག བསོད་ནམས་སོགས་མི་བརྒྱད། རྨེའུ་རུ་མའི་ཕུན་ཚོགས། རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། ཕུན་ཚོགས་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་། བསམ་འགྲུབ། བློ་བཟང་བསྟན་འཛིན། བློ་བཟང་ཆོས་འཕེལ། བློ་བཟང་དངོས་གྲུབ། བློ་བཟང་ཚེ་དཔག དོན་ཡོད་རྡོ་རྗེ། བསྟན་འཛིན་རྒྱམ་ཁོ། བཀྲ་ཤིས་(ཞིས་བཀྲ)། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཀོན་ཚེ། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཔལ་ལྡན། གཅའ་རུ་བའི་བཀྲ་ཤིས། ཆོས་རྗེ་མའི་སེང་གེ། ཁང་སར་མའི་བསྟན་ཚེ། དཀོན་མཆོག་ཚུལ་ཁྲིམས་བཅས་གྲྭ་བཅུ་བཞི་འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་ནས་ད་ལྟ་བཀག་ཉར་འོག་ཡོད་པ་གྲྭ་པ་བརྒྱད་དང་། མི་སྐྱ་བཅུ་གཅིག་ཡིན།)
ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ནས་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཆ་ཚང་བཀག་འགོག་བྱས་དང་བྱེད་བཞིན་པ། མཚན་མོ་རྟག་པར་གླིང་བར་ལ་དྲག་ཆས་དམག་མི་དང་ཉེན་རྟོག་མི་སྣས་ཁྱི་ཁྲིད་དེ་གསང་ཉུལ་བྱེད་བཞིན་པར་ཐུག་པའི་དགེ་འདུན་པ་རྣམས་གཅར་རྡུང་དྲག་པོ་གཏོང་བ། གྲྭ་པ་རྣམས་ཀྱིས་དགོང་མོ་དཔེ་གཟིགས་གནང་སྟེ་འཕྱི་བོ་སྡོད་མི་ཆོག་པ།
ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ནས་ཉིན་ལྔ་ལྷག་རིང་རྔ་པ་ཀིརྟིའི་དགོན་པའི་ནང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་དང་། དེ་རྗེས་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བར་ཡོང་བའི་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཁག་བགོས་བྱས་ཏེ་གླིང་ཡོངས་ཀྱི་གྲྭ་ཤག་རེ་རེ་བཞིན་ཉུལ་ནས་གྲྭ་པ་རྒན་གཞོན་ཚར་མར་བསམ་ཚུལ་བསྡུ་ལེན་ཟེར་བའི་མིང་གཡར་ཏེ་བསུན་གཙེར་སྣ་ཚོགས་བཟོས་དང་བཟོ་བཞིན་པ།
ཕྱི་ཟླ་བཞི་པའི་ཚེས་ཤར་ནས་རྔ་པ་ཀིརྟིའི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་སླེབས་ཏེ་གྲྭ་པ་རྒན་པ་རྣམས་ཕྱག་སྐོར་ལ་ཕེབས་རྒྱུའང་བཀག་སྡོམ་བྱས་པ་དང་། དགོན་པའི་མཆོད་རྟེན་གྱི་བང་རིམ་རེ་རེ་བཞིན་ནས་རྒྱ་དམག་གིས་རྒྱང་ཤེལ་བཙུགས་ཏེ་དགོན་པའི་ཕྱི་ནང་ལ་སོ་ལྟ་བྱེད་བཞིན་པ། ལྕགས་རི་མེད་པའི་དགོན་པའི་བྱང་གི་ཕྱོགས་སུ་རྒྱ་གཞུང་གིས་ལྕགས་ཚེར་གྱི་ར་བ་རྒྱག་བཞིན་པ། དགོན་པའི་དགེ་འདུན་པ་རྣམས་ལ་བཞེས་ལག་གི་དཀའ་ངལ་ཡོད་པར་བརྟེན། མི་མང་གིས་དང་བླངས་ངང་རྩམ་པ་དང་མར་ཕྱུར་སོགས་དགོན་པ་གཞུང་ལ་སྤྲད་དེ་དགོན་པ་གཞུང་ངོས་ནས་དགེ་འདུན་པ་རྣམས་ལ་རྩམ་པ་དང་མར་སོགས་བགོ་འགྲེམས་བྱས་ཡོད་ཀྱང་། ཕྱི་ཚེས་ ༤ ཚེས་ ༨ ཡས་མས་ནས་མི་མང་ལའང་བཟའ་བཅའི་རིགས་སྤྲོད་རྒྱུ་བཀག་འགོག་བྱས་ཏེ་ད་ཆ་སྔར་ལས་ལྷག་པའི་གནས་སྟངས་ཛ་དྲག་ཏུ་གྱུར་བཞིན་ཡོད་པ་དང།
ཡང་ཉིན་ཤས་གོང་ནས་རྔ་པ་རྫོང་གི་གྲོང་སྡེའི་ལས་ཁུངས་མང་པོར་མི་མང་བསྡུས་ནས་གུང་ཁྲན་ཏང་ལ་བསྟོད་བསྔགས་ཀྱི་ཚོགས་འདུ་འཚོགས་ཡོད་པ་དང། རྒྱ་གཞུང་གིས་ད་ལྟ་ད་དུང་རྔ་པ་རྫོང་ཐོག་དང་རྔ་པ་ཀིརྟིའི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་མང་དུ་གཏོང་གི་ཡོད་འདུག་ན། ད་ལྟ་བར་དུ་དགོན་པ་གཞུང་གི་བླ་མ་ལས་སྣེས་ལམ་སྟོན་གནང་བ་ཇི་བཞིན་གྲྭ་མང་གིས་བཟོད་བསྲན་ཆེན་པོས་ཞི་འཇགས་ལྷོད་ཡངས་ཡོང་རེ་བྱས་མོད། དགོན་པའི་ཤར་ཕྱོགས་ཀྱི་གྲྭ་ཤག་མང་པོའི་ནང་རྒྱ་དམག་བཙན་ཤེད་ཀྱིས་འཛུལ་ནས་སྒོ་དང་སྒེའུ་ཁུང་བཅག་པ་དང་། བཅའ་དངོས་རྐུ་འཕྲོག་བྱས་པ། གྲྭ་པ་རྣམས་ལ་རྡུང་རྡེག་དྲག་པོ་བཏང་དང་གཏོང་མུས་ཡིན་པར་མ་ཟད།
ཕྱི་ཟླ་ ༤ ཚེས་ ༩ ཉིན་དམག་མི་ ༨༠༠ གསར་དུ་རྔ་པ་རྫོང་ལ་སླེབས་ཡོད་པའི་གནས་ཚུལ་འདུག་པ་སོགས་འབྱུང་འགྱུར་མུ་མཐུད་གནས་སྟངས་སྡུག་ཏུ་ཕྱིན་ན་ཛ་དྲག་གི་གནས་སྟངས་ཅི་འགྱུར་ཚོད་དཔག་དཀའ་བ།
ཉིན་ཤས་གོང་ནས་གྲྭ་པ་དགུང་ལོ་ ༡༨ ནས་ ༤༠ བར་ཚང་མ་ས་གནས་གཞན་ཞིག་ལ་སློབ་སྦྱོང་གི་མིང་ཐོག་ནས་འགྲོ་དགོས་ཚུལ་བཤད་ཡོད་པ་དང། གནས་ཚུལ་དེ་ཕྱི་ཚེས་ ༡༢ ཉིན་ལག་བསྟར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཕྱི་ཚེས་ ༡༡ དགོང་མོ་ནས་ཡོངས་ཁྱབ་ཆགས་ཡོད་པས་རྐྱེན་གྱིས་མི་མང་གིས་དགོན་མཐའ་གཡས་གཡོན་ནས་དོགས་ཟོན་བྱས་ཏེ་བསྡད་ཡོད་པའི་སྐབས་སུ། བོད་ནང་གི་ཆུ་ཚོད་ ༡༢ ཡས་མས་སུ་གློ་བུར་རྒྱ་དམག་འབོར་ཆེན་པོ་ཞིག་སླེབས་ཏེ་རྔ་པ་ཀིརྟིའི་དགོན་པའི་ནང་ལ་འགྲོ་རྩིས་བྱས་སྐབས་མི་མང་གིས་དམག་མིའི་མདུན་བཀག་ནས་དགོན་པའི་ནང་ལ་གཏན་ནས་འགྲོར་མ་བཅུག་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་གིས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཞིང། སྦྱོང་བརྡར་སྤྲད་ཡོད་པའི་ཁྱི་མང་པོ་མི་མང་ནང་ལ་མངགས་ནས་མི་མང་པོར་ཁྱིས་རྨུག་པ་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་ཕོགས་པ་མང་པོ་བྱུང་ཡང་ད་དུང་མི་མང་རྩ་བ་ནས་ཕྱི་ནུད་མ་བྱས་སྟབས་སྐབས་དེར་དམག་མི་རྣམས་དགོན་པའི་ནང་ལ་འགྲོ་ཐུབ་མེད་ཅིང། དེ་རྗེས་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཕེབས་ནས་མི་མང་ལ་བཀའ་ནན་མོ་ཕེབས་པར་བརྟེན་མི་མང་ཅུང་ཙམ་ཕྱི་སྣུར་བྱས་འདུག་ཀྱང་། བོད་ནང་གི་དུས་ཚོད་ ༣། ༣༠ ཡས་མས་སུ་ད་དུང་མི་མང་དང་དམག་དཔུང་གདོང་ཐུག་རྒྱག་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་གི་འོག་ཡོད་པ་དང་། སྐབས་དེར་དགོན་པའི་ནང་ནས་ དགེ་འདུན་པ་མང་པོ་ཞིག་གིས་མི་མང་དང་དཔུང་བ་མཉམ་གཤིབ་ཆེད་ཕྱི་ལ་ཐོན་བརྩིས་བྱས་ཀྱང་དགོན་པའི་མཐའ་ཡོངས་རྫོགས་ལྕགས་ཚེར་གྱི་ར་བ་དང་། རྩིགས་པ་བརྒྱབ་ཡོད་པར་མ་ཟད། སྒོ་ཆེན་ཁག་གཏན་རྒྱག་བྱས་ཏེ་དམག་མིས་སྲུང་བྱ་དམ་པོ་བྱས་ནས་ཡོད་པས་གཅིག་ཀྱང་ཕྱི་ལ་ཐོན་ཐུབ་ཡོད་མི་འདུག བོད་མི་རྣམས་ཀྱིས་གནས་ཚུལ་གོ་གསལ་ལྟར་ན་རྒྱ་གཞུང་གི་འཆར་གཞི་ནི་མི་མང་གིས་མ་ཤེས་པའི་ཐབས་ཤེས་འོག་སློབ་སྦྱོང་ལ་ཁ་གཡར་ནས་ས་གནས་གཞན་གྱི་བཙོན་ཁང་ཞིག་ལ་དགེ་འདུན་པ་བཅུ་བཅུ་མཉམ་དུ་རླངས་འཁོར་ནང་བཙན་ཁྲིད་བྱ་རྒྱུ་ཡིན་ཚུལ་འདུག་ཅིང་། གནས་ཚུལ་དེ་ཉིན་ཤས་གོང་ནས་མི་མང་གིས་ཤེས་རྟོགས་བྱུང་བར་བརྟེན། རྒྱུན་དུ་དོགས་ཟོན་བྱས་ཡོད་འདུག དེ་རིང་དངོས་སུ་རྒྱ་དམག་རྣམས་ཐོན་སྐབས་ངོས་འཛིན་དེ་ལྟར་བྱས་ནས་རང་སྲོག་ལ་མ་འཛེམས་པར་དམག་དཔུང་གི་མདུན་བཀག་པ་ཞིག་ཡིན་འདུག གོང་ཞུས་ལྟར་བོད་ནང་གི་དུས་ཚོད་ ༣།༣༠ ཙམ་ལ་མི་མང་འབོར་ཆེན་ཞིག་རྔ་པ་ཀིརྟིའི་དགོན་པར་འགྲོ་སའི་ལམ་ཆེན་གྱི་བཞི་མདོ་ཁག་གཉིས་ལ་མཉམ་འཛོམས་བྱས་ཡོད་པ་དང་། རྔ་པ་རྫོང་གི་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ། རྔ་པ་ཀིརྟིའི་དགོན་གྱི་ཉེ་འཁྲིས་ཀྱི་གྲོང་སྡེ་ཁག་གི་ཕྲུ་གུ་རྫོང་ཐོག་ལ་སློབ་གྲྭར་འགྲོ་གི་ཡོད་པ་རྣམས་ཉིན་ཤས་གོང་ནས་ནང་ལ་ཡོང་མི་ཆོག་པར་བཟོས་འདུག་ལ། དེའི་རྒྱུ་མཚན་ནི་དགོན་པ་གཏོར་བཅོམ་བྱེད་རྒྱུ་ཡིན་སྟབས་སློབ་མ་རྣམས་ལ་སྲུང་སྐྱོབ་བྱས་པ་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་འདུག་པ་བཅས། ༢༠༡༡།༤།༡༢