གསུམ་བཅུའི་དུས་དྲན་ཐེངས་ ༥༥ པའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
༄༅། །དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་རྒྱ་ནག་གུང་ཁྲན་དམར་གཞུང་གིས་ཧམ་སེམས་ཅན་གྱི་སྲིད་བྱུས་འོག་བོད་ས་བཙན་འཕྲོག་དང་། བོད་མིར་བཙན་གནོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་བྱ་ངན་མངོན་སུམ་འཛེམས་མེད་ཀྱིས་སྤེལ་བར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་དཔའ་ངར་ཞུམ་མེད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་ཆེན་མོ་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་ཉིན་མོ་དེ་ཆགས་ཡོད། དུས་སྐབས་དེ་ནས་བཟུང་སྟེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ད་བར་རྒྱ་གཞུང་གི་བཙན་དབང་དང་། གཉའ་གནོན་གྱི་སྡུག་སྦྱོང་འོག་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང་། མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས། རྗེས་དྲན་གྱིས་གདུང་སེམས་མཉམ་སྐྱེད་དང་གུས་འདུད་ཞུ་རྒྱུ་ཡིན།
མང་ཚོགས་2སྤྱིར་བོད་རྒྱ་གཉིས་སོ་སོར་ཐུན་མོང་མ་ཡིན་པའི་ས་ཁམས་ཆགས་དབྱིབས་དང་། མི་རིགས། རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས། རྒྱལ་རབས་ལོ་རྒྱུས་སོགས་གང་ས་ཅི་ཐད་ནས་མི་འདྲ་བའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་སུ་གྲུབ་ཡོད་པ་རྩོད་མེད་ཡོངས་གྲགས་ཡིན་ཡང་། གུང་ཁྲན་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་རྗེས་ཞི་བའི་བཅིངས་འགྲོལ་ཟེར་བར་ཁ་གཡར་ནས་དྲག་དམག་གིས་བོད་སར་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པས་མ་ཚད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་དུ་གཏོང་ཆེད་དམངས་གཙོའི་བཅོས་སྒྱུར་དང་། རིག་གནས་གསར་བརྗེ་ཟེར་བ་སོགས་གདུག་རྩུབ་ཧ་ཅང་ཆེ་བའི་གཡོ་ཁྲམ་ཧམ་གསུམ་གྱི་སྲིད་བྱུས་རབས་དང་རིམ་པ་ལག་བསྟར་བྱས་ཏེ་ཉེས་མེད་བོད་མི་གྲངས་ལས་འདས་པ་དུས་མིན་རྐྱེན་འདས་སུ་བཏང་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ཡིན།
བོད་ནང་ཆེས་གདུག་རྩུབ་དང་གཡོ་སྒྱུ་ཅན་གྱི་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པའི་དབང་གིས་བོད་མི་རྣམས་བཟོད་ཐབས་བྲལ་ཏེ། ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྟེ་ཕྱི་ལོ་ ༢༠༠༨ ཀྱི་ས་བྱི་ཞི་རྒོལ་ཆེན་མོ་སོགས་སྔ་ཕྱིར་ཞི་རྒོལ་རབས་དང་རིམ་པར་བྱས་ཡོད་པ་དེ་དག་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་སྟབས། བོད་མི་རྣམས་བཟོད་ཐབས་ཡེ་ནས་བྲལ་ཏེ་བློས་གཏོང་ཆེན་པོས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་མིར་རང་དབང་དགོས་པ་སོགས་ཀྱི་དགོས་འདུན་གསལ་སྟོན་དང་བཅས་རང་ལུས་མེར་སྲེག་གི་ཞི་རྒོལ་མི་བྱ་ཐབས་མེད་དུ་གྱུར་ཏེ། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་མདོ་སྨད་རྔ་པ་རུ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་སྟེ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་རྔ་པར་བློ་བཟང་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་བར་དུ་འདི་ནས་ཤེས་རྟོགས་ར་འཕྲོད་བྱུང་བ་ལྟར་ན་ཁྱོན་བོད་མི་ ༡༢༦ གིས་རང་ལུས་མེར་བསྲེགས་གནང་བ་དང་། དེ་དག་གི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པ་ ༡༠༨ དང་། བཙན་བྱོལ་དུའང་ཕྱི་ལོ་ ༡༩༩༨ ཟླ ༤ ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་ ༢༠༡༣ ཟླ ༨ ཚེས་ ༦ ཉིན་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་དུ་རང་ལུས་མེར་བསྲེགས་གནང་བའི་བར་ཁྱོན་བོད་མི་ ༧ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་དག་གི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པ་མི་གྲངས་ ༤ དང་། གསོན་གནས་ ༣ བཅས་བྱུང་ཡོད།
བོད་ནང་དུ་རང་ལུས་མེར་སྲེག་གཙོས་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་བསྟུད་མར་འབྱུང་རྐྱེན་ནི་རྒྱ་གཞུང་གིས་བོད་དུ་ཆབ་སྲིད་ཀྱི་དྲག་གནོན་དང་། རིག་གཞུང་མཉམ་བསྲེས། དཔལ་འབྱོར་ཟུར་ཕུད། མི་རིགས་དབྱེ་འབྱེད། འབྲོག་ས་གནས་སྤོ། ཁོར་ཡུག་རྩ་གཏོར་སོགས་མཁྲེགས་འཛིན་གྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པའི་དབང་གིས་བྱུང་བ་ཀུན་གསལ་ཡིན།
འདས་ལོའི་ནང་དུའང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་གི་སྲིད་བྱུས་ལ་འགྱུར་བ་སྤུ་ཙམ་བཏང་མེད་ཅིང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་ཁམས་འབྲི་རུ་ཁོ་ནར་ལས་བྱེད་ ༡༨༠༠༠ ལྷག་ཙམ་བཏང་སྟེ་བོད་མི་རྣམས་ལ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ཡུལ་དེའི་མོ་བ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་དར་དམར་ཆུ་ལ་གཡུགས་པས་མཚོན་མི་འདོད་པའི་རྣམ་འགྱུར་བསྟན་པར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་དྲག་གནོན་དང་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་མ་ཚད། ས་གནས་དེ་གའི་སློབ་མ་མང་པོ་སློབ་གྲྭ་ནས་ཁ་བྲལ་ཏེ་སོ་སོའི་ནང་ལ་ལོག་དགོས་བྱུང་ཡོད། གཞན་ཡང་མོ་བ་གྲོང་ཚོའི་གཡས་གཡོན་གང་སར་དམག་སྒར་ཆེ་ཆུང་སྣ་ཚོགས་དང་། ཞིབ་བཤེར་ས་ཚུགས་ཁང་མང་དག་བརྒྱབ་སྟེ་བོད་མིར་རྟག་ཏུ་བསུན་གཙེར་དང་དམ་དྲག་ཤུགས་ཆེན་བྱས་ཏེ་སླར་ཡང་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་དང་མཚུངས་པའི་གནས་སྟངས་ཆགས་ཡོད། ཉེ་བའི་ཆར་ཡང་སི་ཁྲོན་མཛོད་དགེ་རྫོང་མི་མང་སྲིད་གཞུང་ཟེར་བས་རང་སྲེག་ལས་འགུལ་ལ་རྒོལ་ལན་སྤྲོད་དགོས་པའི་སྐོར་གྱི་དོན་ཚན་ ༡༦ ཅན་གྱི་ཡིག་ཆ་ཞིག་ཀྱང་འགྲེམས་སྤེལ་གྱིས་སྤྱི་མང་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་དང་འཇིགས་སྐུལ་དམ་དྲག་གིས་ལག་ལེན་བསྟར་མུས་ཡིན།
འཛམ་གླིང་གི་ཡང་ཐོག་ཏུ་འབོད་པའི་བོད་ནི། གླིང་ཆེན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ཆུ་རླུང་དང་གནམ་གཤིས་དྲོ་གྲང་སོགས་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་རང་བྱུང་དངོས་རྒྱུའི་འབྱུང་ཁུངས་ཀྱི་ཁོར་ཡུག་གལ་ཆེ་ཞིག་ཆགས་ཡོད་ན་ཡང་། རྒྱ་གཞུང་གིས་གློག་ཁང་དང་ཆུ་མཛོད་གསར་རྒྱག གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག རྩྭ་ཐང་དང་རི་ཀླུང་རྭ་སྐོར། གཞུང་ལམ་དང་ལྕགས་ལམ་ཚད་བརྒལ་རྒྱག་པ། གཞན་ཡང་རྒྱུག་ཆུ་བཀག་སྐྱིལ་དང་། གཙང་པོ་ཁ་སྒྱུར་སོགས་ཚད་ལས་བརྒལ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་མེད་བཏང་རྐྱེན་གྱིས། བོད་དང་རྒྱ་དཀར་ནག་གིས་གཙོས་ཨེ་ཤེ་ཡའི་མི་འབོར་དུང་ཕྱུར་སུམ་ཅུ་ཙམ་དང་འབྲེལ་བའི་རྒྱུག་ཆུ་དང་གཙང་པོ་རྣམས་རིམ་བཞིན་སྐམ་ཆད་དུ་འགྲོ་བའི་ཚབས་ཆེའི་ཉེན་གནས་སུ་སླེབས་ཡོད། སྔ་ལོ་ཁམས་ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་བར་ས་གནས་མི་མང་གིས་ཞི་འགོག་བྱས་པར་དྲག་དཔུང་བཏང་ནས་མི་མང་ཁྲོད་དུ་དུག་རྫས་གཡུགས་པ་དང་། གློག་རྒྱུག་གཞུས་པ་སོགས་ཉེས་མེད་བོད་མི་མང་པོ་འཛིན་བཟུང་བྱས་ཡོད།
རྒྱ་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་གང་སར་དམག་དཔུང་གི་རྒྱབ་གནོན་ཡོད་པའི་ལས་དོན་རུ་ཁག་འབོར་ཆེན་བཏང་ནས། བོད་ཀྱི་ཡུལ་མི་རྣམས་རང་ཡུལ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་འོང་གི་རང་དབང་མེད་པ་དང་། དཔལ་འབྱོར་ཁེ་ལས་ཀྱི་ཚོང་གཉེར་དང་བཟོ་གྲྭ། འཛུགས་སྐྲུན་རྣམ་གྲངས་ཀྱི་བདག་དབང་ཕལ་མོ་ཆེ་རྒྱ་མི་རིགས་ཀྱིས་སྒེར་བཟུང་བྱས་ནས། བོད་ཀྱི་ཞིང་འབྲོག་མི་མང་རྣམས་ལ་དགོས་ངེས་ཀྱི་ཁེ་ཕན་གང་ཡང་ཐོབ་མེད།
ཆོས་དང་རིག་གཞུང་གི་ལྟེ་གནས་དགོན་སྡེ་ཁག་གི་ནང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་དང་ཡོངས་སུ་འགལ་ཟླར་གྱུར་པའི་རྒྱ་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་སོགས་གྲྭ་བཙུན་རྣམས་ལ་མི་འདོད་བཞིན་དུ་བཙན་ཐབས་ཀྱིས་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་དུ་འཇུག་པ་དང་། ༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དད་རྟེན་ཕྱག་མཆོད་ཀྱི་ཡུལ་དུ་སྒྲིག་གཤོམ་མི་ཆོག་པ་ཙམ་དུ་མ་ཟད། གང་ཉིད་དང་ཆོས་སྲིད་གཉིས་ཐད་ནས་དབྱེ་མཚམས་གསལ་པོ་འབྱེད་དགོས་ལུགས་སོཌ་སྐུར་འདེབས་དང་མཚན་སྨད་ཞུ་རུ་བཅུག་པ། གཞན་ཡང་སྔ་ལོ་ནས་བཟུང་ཨ་མདོ་བླ་བྲང་དགོན་དང་རྨོག་རུ་དགོན་སོགས་སུ”གྲྭ་ཡན་གཙང་དག་བཟོ་རྒྱུ”ཟེར་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་མུས་ཡིན་ལ། ཕྱི་ལོ་ ༢༠༡༣ ལོ་མཇུག་ཏུ་ཁམས་འབྲོང་སྣ་དགོན་པའི་གྲྭ་མང་གི་གྲྭ་ཤག་དང་དགོན་པ་བཙན་གྱིས་སྒོ་བརྒྱབ་པ་དང་། དེ་བཞིན་ཁམས་ནགས་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པ་དང་ལྟར་མོས་དགོན་པ་བཅས་ཀྱང་སྒོ་བརྒྱབ་སྟེ་ཆོས་ཕྱོཌ་ཀྱི་བྱེད་སྒོ་མཚམས་འཇོག་བྱེད་དུ་བཅུག་པ་དེ་བཞིན་སློབ་ཕྲུག་དང་ཤེས་ཡོན་ཅན་མང་དག་ཅིག་གིས་སློབ་གསོའི་ལས་རིམ་ནང་བོད་ཀྱི་སྐད་ཡིག་སློབ་གཞིར་གཙོ་བོར་འཛིན་དགོས་པའི་རེ་འདུན་བཏོན་ཡོད་ནའང་ད་བར་བསམ་གཞིགས་ཡེ་ནས་བྱུང་མེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༣ ལོའི་ལོ་འཁོར་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བར་ལམ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་ཁྲིམས་བཅད་ཀྱིས་བཙོན་ཁང་དུ་ཚུད་པ་བོད་མི་གྲངས་ ༩༢༠ ཐམ་པ་དང་། ཕྱི་ལོ་ ༢༠༡༣ ལོ་ཁོ་ནར་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་ཁྲིམས་བཅད་བཏང་བའི་བོད་མི་གྲངས་ ༢༡༥ ཙམ་ཟིན་འདུག
དེ་རིང་གི་དུས་སྐབས་འདི་དམ་འཛིན་གྱིས་ང་ཚོས་སླར་ཡང་ནན་ཏན་གྱིས་གསལ་བརྗོད་བྱ་རྒྱུ་ཞིག་ལ། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་རྒྱ་ནག་གཞུང་དང་ཞི་མོལ་བརྒྱུད་བོད་རྒྱའི་དཀའ་ངལ་སེལ་ཐབས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་གནང་བཞིན་པ་ནི་རང་དབང་དང་མང་གཙོར་ལོངས་སུ་སྤྱོད་བཞིན་པའི་སྐྱེ་བོ་ཀུན་གྱིས་གཟིགས་གསལ་ཡང་། རྒྱ་ནག་གཞུང་གིས་རྟག་ཏུ་བོད་མིའི་འཐབ་རྩོད་དེ་དྲག་པོའི་ངོ་བོར་བསྒྱུར་ཐབས་ཀྱི་བྱུས་ངན་སྣ་ཚོགས་སྤེལ་བཞིན་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གྲོང་ཁྱེར་ཁྲུང་ཆིན་དུ་སྐོར་སྲུང་དམག་གཅིག་ལྐོག་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་བོད་མི་འཇིགས་སྐུལ་བས་བྱས་ལུགས་བཙན་གྱིས་བསྒྲགས་པ་དང། ཕྱི་ལོ་ ༢༠༡༤ ལོར་སེན་ཕྷ་རན་སྶི་ཀོ་རྒྱ་ནག་གཞུང་ཚབ་ཡན་ལག་ལ་མེ་སྐྱོན་ཕོག་སྐབས་ཀྱང་བོད་མི་དང་འབྲེལ་བ་ཡོད་ལུགས་བསྒྲགས་ཡོད།
ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ནས་རང་ལུས་མེར་སྲེག་གཙོས་གཞིས་ལུས་བོད་མི་རྣམས་ཀྱིས་ཞི་བའི་ལས་འགུལ་ཇི་སྤེལ་ཡོངས་རྫོགས་དྲག་པོའི་ལས་འགུལ་དུ་བསྒྱུར་ཐབས་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བརྒྱུད་སྐུལ་དང་སིམ་འཛུལ་གྱིས་འབྱུང་བཞིན་ཡོད་སྐོར་གྱི་འཁྱོག་བརྗོད་བྱེད་བཞིན་པ་དང་དེ་བཞིན་རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས། སྒྲིག་འཛུགས་དང་མི་སྒེར་ལའང་གནོན་ཤུགས་དང་སྐྱོན་བརྗོད་སྔར་ལྷག་བྱེད་བཞིན་ཡོད།
དཔེར་ན། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་རྒྱུར་འགོག་ཐབས་བྱས་པ་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་བསྐོ་གཞག་ངོས་ལེན་མེད་ཅེས་སོགས་གནད་དོན་ཆེ་ཁག་ལྟ་ཅི། ཐ་ན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཊི་སྦིའི་ཁྱད་ལས་སྨན་པའི་ཚོགས་ཆུང་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ས་མཚམས་མེད་པའི་སྨན་པའི་མཐུན་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་ལེགས་སྨན་ཁང་གཉིས་ལ་ཊི་སྦི་འགོག་བཅོས་ཀྱི་ལས་གཞིར་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་ལ་ཡི་རངས་བསྔགས་བརྗོད་ཀྱི་ཚུལ་དུ་ཕྱི་ལོ་ ༢༠༡༣ ལོའི་ WHO’s Stop TB Partnership Kochon TB Prize ཞེས་པའི་གཟེངས་རྟགས་གནང་རྒྱུའི་འོས་གཞིར་སྤྱི་མོས་བདམས་ཐོན་བྱུང་ཡང་། རྒྱ་དམར་གཞུང་གིས་ཐད་ཀར་གནོན་ཤུགས་སྤྲད་དེ་དངོས་གཞིའི་བཀའ་འཁྲོལ་མཚན་རྟགས་འགོད་མ་ཐུབ་པར་ཕྱིར་འཐེན་བྱ་དགོས་བྱུང་བ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་། རྒྱལ་ཁབ་སོ་སོའི་རང་དབང་ལ་དོ་ཕོག་གཏོང་བཞིན་པའི་ངན་སྤྱོད་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
དེ་ལྟར་ནའང་དེང་སྐབས་རྒྱལ་སྤྱིའི་ནང་བོད་ཀྱི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་ཡོད་ཅིང། དེ་ཡང་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་གཙོས་པའི་རྒྱལ་ཁབ་མང་པོའི་འཛིན་སྐྱོང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ནས་བོད་དོན་ཐོག་སེམས་འཚབ་དང་སྦྲགས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བྱ་དགོས་ཀྱི་འབོད་སྐུལ་གནང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༢ ཚེས་ ༢༡ ཉིན་སླར་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་མཛད་སྐབས། སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆོས་དད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཧ་ཅང་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སོགས་ནན་གསུངས་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ཀྱིས་ད་ཕན་བོད་ཐོག་འཛིན་པའི་སྲིད་བྱུས་ནི་སྔར་ལས་ཇེ་མཁྲེགས་ཇེ་སྡུག་ལས་གུ་ཡངས་ཀྱི་རྣམ་འགྱུར་གང་ཡང་མཐོང་ཐོས་མེད་པའི་གནས་སུ་ཡོད་པ་འདི་ནི་ཧ་ཅང་བློ་ཕམ་གྱི་གཞི་རུ་གྱུར་ཡོད་པ་དང་།
ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ པའི་ནང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་སུ་བདམས་ཐོན་བྱུང་ཡོད་མོད། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་རྩ་དོན་རྣམས་ཁ་དན་ཚིག་གནས་ཀྱིས་ལག་བསྟར་ཇི་བཞིན་བྱེད་ཐུབ་མིན་ཐད་དོགས་གནས་ཆེན་པོར་གྱུར་ཡོད་པས། རྒྱལ་སྤྱིའི་གཞུང་མང་ཡོངས་དང་ཁྱད་པར་རྒྱ་ཆེའི་རྒྱ་ནག་མི་མང་རྣམས་ནས་ཅིས་ཀྱང་གཟུར་གནས་བདེན་འཚོལ་ཡོང་བའི་ཡིད་ཆེས་དང་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད།
དེ་བཞིན་མི་ལོ་ ༥༥ རིང་གི་འདས་དོན་ལ་ཕྱི་མིག་བལྟས་ཚེ། གཞིས་ལུས་བོད་རིགས་མི་མང་ལ་རྒྱ་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་སོགས་ཀྱི་དྲིལ་བསྒྲགས་མཚོན་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་ནའང་། ཁ་ཞེ་མི་མཚུངས་པའི་རྒྱ་གཞུང་གི་བྱ་སྤྱོད་ལ་མི་མང་གིས་ཡིད་ཆེས་བྱ་ཐབས་བྲལ་ནས་རྒྱ་གཞུང་ལ་ཡིད་མ་རངས་པའི་རྣམ་འགྱུར་ཤུགས་ཆེན་འདོན་བཞིན་ཡོད་པ་དངོས་ཡོད་སོང་། རྒྱ་ནག་གི་འགོ་འཁྲིད་ཚོས་སྒེར་སྤྱོད་དང་གུ་དོག་གི་བསམ་བློ་ཁོ་ན་མི་འཛིན་པར་རིག་པ་དྭངས་གསལ་དང་སྤྱོད་མཛངས་གཉིས་ལྡན་གྱི་སྒོ་ནས་འཛམ་གླིང་གི་འཕེལ་འགྲོས་དང་མི་ཆོས་ཀུན་སྤྱོད་དང་བསྟུན་ཏེ། བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཡོ་སྲང་སྒྱུར་བཅོས་བྱས་ཏེ་བོད་རྒྱ་ཞི་མོལ་བྱ་དགོས་ཀྱི་དུས་ལ་བབ་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རིང་སླར་ཡང་དྲན་སྐུལ་བྱེད་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ངང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་རྒྱང་གསུམ་བདེ་ཐབས་སླད་ཆབ་སྲིད་དང་། འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་རྗེས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པས་ཞུ་སྒོ་མཐའ་དག་ལ་འབད་བརྩོན་ལྷོད་མེད་ཞུ་བཞིན་ཡོད་པར་གཞིས་བྱེས་རྒྱ་ཆེའི་མི་མང་རྣམས་ནས་གདེང་འཇོག་ཆེན་པོས་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། སླད་ཀྱང་བོད་མི་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་ངང་རང་འགན་འཁུར་ལེན་གྱིས་ཤེས་འཇོན་ལྷག་བསམ་མཉམ་འདེགས་ཀྱི་ནུས་ཤུགས་ཡོད་ཚད་མཉམ་སྤུངས་ཀྱིས་སྔར་ལྷག་ཕྱར་གྲུ་མཉམ་འདེགས་ཀྱི་གོང་བུའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ནི་འཕྲལ་ཕུགས་གཉིས་ཀའི་ཕན་བདེའི་རྩ་བར་གྱུར་ཡོད་པས་ཚང་མས་རྟག་ཏུ་ཡིད་གཟབ་ངང་སྒོ་ཀུན་ནས་འབད་འབུངས་ཆེ་བསྐྱེད་བྱ་གལ་ཆེ་བ་ལྟར་དེ་རིང་བསྐྱར་དུ་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
རྒྱ་གར་དབུས་ས་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་འབྲེལ་ཡོད་ཡོངས་ནས་ཐུགས་འགན་རྐང་བཞེས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་གང་ཅིའི་ཤུགས་སྣོན་རྒྱག་མུས་དེ་ལྟར་ཡང་། མི་ལོ་ ༥༥ སྔ་རོལ་དུ་རྒྱ་གཞུང་གིས་མངོན་སུམ་འཛེམས་མེད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་གྲབས་གཤོམ་བྱས་ཡོད་པ་ལྟར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་གཡོ་བྱུས་འོག་ལས་འབྲས་རྩིས་མེད་དང་ལོ་རྒྱུས་ཀྱི་ནག་ཉེས་ཅན་བསམ་མེད་དོལ་རྒྱལ་རྗེས་འབྲང་གི་མིང་ཁུར་བ་ཁག་གཅིག་ནས་རྟག་ཏུ་དངུལ་དངོས་ཀྱི་ཁེ་ཕན་ཁོ་ནའི་དབང་གིས་ནུས་ཤུགས་ཆེ་རུ་བཏང་སྟེ་བོད་ནང་དུ་དཀྲུག་ཤིང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་སྐུར་འདེབས་ཞུ་བཞིན་ཡོད་པ་མ་ཟད། ཨ་རི་དང་རྒྱ་གར་གསང་ལས་ཁང་ནས་༸གོང་ས་མཆོག་གི་སྐུ་ཕྱྭར་སྔར་ལྷག་གཟབ་ནན་བྱ་གལ་ཆེ་བའི་སྐོར་སྙན་གསེང་བྱུང་ཡོད་ན། བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྫི་གསང་རྣོན་པོས་ཕྱར་གྲུ་མཉམ་འདེགས་གནང་དགོས་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད།
འཛམ་གླིང་ཞི་བདེ་ལ་སྨན་པའི་བོད་ཀྱི་འཐབ་རྩོད་ཀྱི་གནད་དོན་འདི་ཁ་ཚ་དགོས་གཏུགས་ཀྱིས་འཕྲལ་དུ་སེལ་དགོས་པ་ཞིག་ཡིན་སྟབས། ཞི་བདེ་དང་དྲང་བདེན་ལ་ཕྱོགས་པའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། ཚོགས་པ། ཚོང་པ། མི་སྒེར་བཅས་སོ་སོས་རྒྱ་ནག་སྲིད་གཞུང་གི་དཔལ་འབྱོར་གྱི་གནོན་ཤུགས་དང་འཁྱོག་བཤད་འུར་སྒྲོག་ལ་མ་ལྟོས་པར་བོད་མིའི་བདེན་པའི་འཐབ་རྩོད་ལ་ལྷག་བསམ་ཞུམ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་ཆབས་ཅིག་ཏུ། ད་དུང་མུ་མཐུད་བདེན་པའི་དཔང་པོ་དང་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་ཡིད་ཆེས་དང་བཅས་འབོད་སྐུལ་ནན་ཏན་ཞུ་རྒྱུ་དང་། ཁྱད་པར་འདི་ལོའི་ཟླ་ ༢ ཚེས་ ༢༠ ཉིན་ཨ་རི་གཞུང་གིས་ལྕམ་སྐུ་ Dr. Sarah Sewall མཆོག་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་བསྔགས་བརྗོད་དང་སྦྲགས་ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
རྩ་བའི་ཆབ་སྲིད་ཐད་འཛིན་སྐྱོང་བཀའ་ཤག་ནས་ཐུགས་ཁུར་ཆེར་བཞེས་གནང་དང་གནང་བཞིན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བོད་ཀྱི་རྩ་དོན་སྤྱི་དང་། ཡང་སྒོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ཏེ། རྒྱ་གར་དང་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག དེ་བཞིན་གནད་ཡོད་མི་སྣ་དང་རྒྱ་ཆེའི་མི་མང་ཡོངས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་ཡིན། བོད་ཀྱི་སྣོད་བཅུད་ཆགས་འཇིག་ཉག་ཕྲའི་དུས་འདིར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་གི་དབུ་འཁྲིད་དང་གྲོས་ཚོགས་ཀྱི་ཚོགས་མི། ཚོགས་པ་དང་མི་སྒེར། ལྷག་པར་རྒྱ་གར་དབུས་སའི་གཞུང་དང་མི་མང་ཡོངས་ནས་སྔ་ཕྱི་བར་གསུམ་དུ་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༣ ཚེས་ ༡༠ ལ།།