གསུམ་བཅུའི་དུས་དྲན་ཐེངས་ ༤༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་ཆོལ་གསུམ་བོད་རིགས་སེར་སྐྱ་མང་ཚོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཕྱི་རྒྱལ་བཙན་འཛུལ་བ་རྒྱ་དམར་གྱི་དྲག་དཔུང་ལ་འཚེ་མེད་ཞི་བའི་ལམ་ནས་རང་དབང་སྒེར་ལངས་ཀྱི་ལས་འགོ་བརྩམས་ཏེ་མི་ལོ་༤༣ འཁོར་ཞིང་། དུས་ཡུན་དེའི་རིང་རྒྱལ་དམར་གྱི་དྲག་གནོན་གདུག་རྩབ་འོག་བོད་མི་ས་ཡ་གཅིག་ལྷག་དུས་མིན་འཆི་རྐྱེན་གྱུར་པ་དང་། ཉེས་མེད་བོད་མི་མང་པོ་ཞིག་ཉེས་མིང་སྣ་ཚོགས་འོག་ད་ལྟའང་རྒྱ་དམར་གྱི་བཙོན་ཁང་ཁག་ནང་མནར་གཅོད་སྡུག་སྦྱོང་མི་བཟོད་པ་མྱངས་དང་མྱོང་བཞིན་པ་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་བོད་ལྗོངས་རང་དབང་གཙང་མའི་རྒྱལ་ཁ་མྱུར་དུ་འཐོབ་པ་དང་། ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན་པོས་མཉེས་ཤིང་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།

འདས་པའི་མི་ལོ་༤༣ རིང་རྒྱ་དམར་དབང་འཛིན་པ་ཚོས་བོད་ནང་དྲག་གནོན་གདུག་རྩབ་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་མ་ཟད། རིག་གནས་གསར་བརྗེ་ཟེར་བ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མུན་ནག་གི་དུས་སྐབས་ཤིག་བྱུང་བ་དེང་སྐབས་བསྐྱར་གསོ་བྱས་ཏེ་བོད་མིའི་རྩ་ཆེའི་ཆོས་དང་ཤེས་རིག་གི་བསྟི་གནས་དགོན་སྡེ་གྲྭ་ཚང་རྣམས་ཀྱི་རྟེན་དང་བརྟེན་པར་བཅས་པ་རྨེག་མེད་རྩ་བརླགས་གཏོང་རྒྱུའི་དམིགས་ཡུལ་དུ་བཟུང་བ་དང་། ཡུལ་གོམས་གཤིས་ལུགས་ཉམས་བརླག་ཏུ་བཏང་ཞིང་།དེ་རྗེས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་རྒྱུན་རིང་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་སྤེལ་ཏེ་ཆོས་བྱེད་དགེ་འདུན་པ་རྣམས་ཀྱིས་གཙོས་ཡུལ་མི་ཡོངས་ལ་ཆོས་སྤྱོད་ཀྱི་རང་དབང་མེད་ཅིང་། ༸གོང་ས་ཆེན་པོའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཡང་དད་རྟེན་དུ་བདག་འཛིན་མི་ཆོག་པ། དེ་བཞིན་ཉེ་བའི་ཆར་ནུབ་རྒྱུད་གསར་སྤེལ་ཆེན་མོ་ཟེརབར་བསྙད་དེ་རྒྱ་རིགས་ཁྱོན་ཆེ་བོད་ནང་གཏན་གཞིས་སྤོ་ཤུགས་ཀྱིས་བོད་ཀྱི་བདག་པོ་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་གྱུར་ཅིང་། བོད་མིའི་འཚོ་དོན་ལས་ཀའི་གོ་སྐབས་ཡོད་དོ་ཅོག་རྒྱ་མིར་ཤོར་ཏེ་བོད་མིར་ཆབ་སྲིད་དང་། དཔལ་འབྱོར་གཉིས་ཕྱོགས་ནས་བཤུ་གཞོག་བཏང་བ། མདོར་ན་བོད་དེ་བཞིན་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དང་། རྒྱ་བསྐྱེད་རིང་ལུགས་ཀྱི་ངན་འཆར་འོག་མུ་མཐུད་གནས་ཐབས་བྱེད་པ་སོགས་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྣམས་ད་རེས་གསུམ་བཅུའི་དུས་དྲན་གྱི་གོ་སྐབས་དང་བསྟུན་ཏེ་བོད་མི་ཚང་མའི་སེམས་ནང་བསྐྱར་གསོ་དྲན་སྐུལ་ཐོག ༸གོང་ས་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་རང་ཡུལ་རང་དབང་སླར་གསོའི་བགོ་སྐལ་ཞུ་སྒོ་གང་ཅིར་ལྷག་བརྩོན་ཆེ་བསྐྱེད་བྱ་རྒྱུའི་དམ་བཅའ་བརྟན་པོ་འཇོག་དགོས་པ་ཡིན།

བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སྐོར། ༸གོང་ས་ཆེན་པོས་དགོངས་ཡངས་དཀྱེལ་ཆེའི་ཐོག་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་བོད་ལྗོངས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པའི་འགྲིག་འཇགས་ཆེད་གྲོས་འཆར་དགོངས་ཚུལ་བཏོན་པ་དང་སྦྲགས་བརྒྱུད་ལམ་སྣ་ཚོགས་བརྒྱུད་མཇུག་གནོན་བསྐུལ་ལྕག་སྔ་རྗེས་སུ་མཛད་པ་དེ་ནི་བོད་རྒྱ་གཉིས་སྨན་དང་། དཀའ་རྙོག་སེལ་རྒྱུར་ལྷག་བསམ་རྣམ་དག་གི་སྐབས་བསྟུན་མཛད་ཕྱོགས་རླབས་ཆེན་ཞིག་ཡིན་རུང་། རྒྱ་ཕྱོགས་ནས་གུ་དོག་མཁྲེགས་བཟུང་ཁོ་ནས་མཚུངས་པ་ཞིག་དགོས་པའི་འགྲིག་འཇགས་ཆེད་གྲོས་འཆར་དགོངས་ཚུལ་བཏོན་པ་དང་སྦྲགས་བརྒྱུད་ལམ་སྣ་ཚོགས་བརྒྱུད་མཇུག་གནོན་བསྐུལ་ལྕག་སྔ་རྗེས་སུ་མཛད་པ་དེ་ནི་བོད་རྒྱ་གཉིས་སྨན་དང་། དཀའ་རྙོག་སེལ་རྒྱུར་ལྷག་བསམ་རྣམ་དག་གི་སྐབས་བསྟུན་མཛད་ཕྱོགས་རླབས་ཆེན་ཞིག་ཡིན་རུང་། རྒྱ་ཕྱོགས་ནས་གུ་དོག་མཁྲེགས་བཟུང་ཁོ་ནས་ཡ་ལན་བདག་སྤྲོད་ཚུལ་བཞིན་མ་ཞུས་ཁར། ༸གོང་ས་ཆེན་པོའི་སྐུ་ཚེར་ཚད་བཀག་གིས་ཡ་ཡོལ་ནར་འགྱངས་བྱེད་མུས་མ་ཟད། ཁ་སྔོན་ཨ་རིའི་སྲིད་འཛིན་འཇོར་ཇ་བྷུ་ཞི་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་ལ་ཉེ་བ་དང་། ༸གོང་ས་མཆོག་སྐུ་ཁམས་སྙུན་ཚུལ་བཞེས་པའི་གོ་སྐབས་དང་བསྟུན་རྒྱ་དམར་གྱི་དབང་འཛིན་པ་ཚོས་བཤད་དོན། ཏཱ་ལའི་བླ་མས་བོད་རང་བཙན་གྱི་བསམ་འདུན་དོར་ཏེ་རྒྱ་ནག་མེས་རྒྱལ་ཆེན་མོའི་ནང་ཕྱིར་ལོག་དགོས་ཞེས་པ་དེ་ནི་ཁྲེལ་གཏམ་ཁོ་ན་དང་། སྐད་ཆ་རྙིང་པ་བསྐྱར་བཟློས་བྱས་པ། རྒྱལ་སྤྱིའི་མདུན་སར་བཅོས་མའི་འཁྲབ་སྟོན་ཞིག་ལས། ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་བསལ་རྒྱུར་ལྷག་བསམ་རྣམ་དག་གིས་འགན་འཁུར་བླང་པའི་བརྡ་ལན་ཞིག་གང་ཡང་མིན། བོད་མིའི་རང་དབང་འཐབ་རྩོད་ནི་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་བསམ་འདུན་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་ཞེ་གཅིག་ལས། ༸གོང་ས་མཆོག་བོད་ནང་ཕྱིར་ལོག་ཕེབས་རྒྱུ་དང་། སྐུ་དབང་སྔ་སོར་རང་འཇགས་འཐོབ་རེས་ཆེད་གང་ཡང་མིན་སྐོར་༸གོང་ས་ཆེན་པོས་དེ་སྔོན་ནས་ལན་འདེབས་གསལ་བཤད་གནད་བསྣུན་གནང་ཟིན་ཡོད་ལ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་། རྩ་ཁྲིམས་སྙིང་དོན་གྱི་ཕྱག་དེབ་ནང་ཐུགས་ཐག་ཆོད་པོས་ཁ་གསལ་བཀོད་གནང་མཛད་ཡོད་པར་རྒྱ་དམར་འགོ་ཁྲིད་ཚོས་བལྟ་ཞིབ་བྱས་ཚེ་ཤེས་རྟོགས་ཡོང་རྒྱུ།

ད་ལྟའི་རྒྱ་དམར་འགོ་ཁྲིད་ཚོས་བོད་རྒྱའི་རྩོད་རྙོག་བསལ་རྒྱུར་འགན་ཁུར་ལག་ལེན་གང་ཡང་བྱེད་ཀྱི་མེད་སྟབས་རང་དབང་ཞི་བདེར་དགའ་བའི་རྒྱལ་ཁབ་ཁག་དང་། རྒྱལ་སྤྱིའི་མང་ཚོགས་ཀྱིས་དཔལ་འབྱོར་ཚོང་འབྲེལ་སོགས་ཀྱི་ལམ་ནས་རྒྱ་དམར་ལ་གནོན་ཤུགས་གནང་རོགས་ཞེས་གྲོས་ཚོགས་འཐུས་མིའི་བལྟ་སྐོར་ཚོགས་པ་ནམ་ཕེབས་དང་། ཆབ་སྲིད་དང་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་དང་འབྲེལ་བའི་ཚོགས་འདུ་ནམ་ཚུགས་སྐབས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འབོད་སྐུལ་གསལ་འདེབས་ཞུ་མུས་ལྟར་ད་རེས་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ།

དོན་སྙིང་གོང་གསལ་ལྟར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་ནས་རྒྱ་དམར་གཞུང་དང་ཞི་མོལ་གནང་རྒྱུའི་དགོངས་འཆར་ལ་ད་མུས་བཞིན་རྒྱ་ཕྱོགས་ནས་ཡ་ལན་ཚུལ་མཐུན་མ་ཞུས་པར་ཡ་ཡོལ་འདི་མུར་གནས་ན་བོད་མི་རྣམས་ནས་དུས་ཚོད་ངེས་མེད་བར་ངང་སྒུག་བྱ་ཐབས་མེད་ཅིང་། བོད་མི་རྣམས་ནས་དུས་ཚོད་ངེས་ཅན་ཞིག་གི་མཚམས་སུ་རང་དོན་རང་བྱེད་ཀྱིས་འཁྲུན་ཐག་ཆོད་པའི་ལས་འགུལ་གང་འོས་བརྩམ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་རྒྱ་དམར་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཤེས་དགོས་པ་ཡིན། ཡོ་རོབ་སྤྱི་མཐུན་གྲོས་ཚོགས་ནས་༢༠༠༠ ཟླ་༧ ཚེས་༥ བོད་དོན་ཐོག་བཞག་པའི་གྲོས་ཆོད་ནང་རྒྱ་དམར་གཞུང་ལ་ལོ་གསུམ་གྱི་དུས་ཚོད་སྤྲད་ཡོད་པ་དེ་དག་གལ་ཆེར་འཛིན་བཞིན་ཡོད།

སྔ་ལོ་ཕྱི་ཟླ་༡༡ ཚེས་༨ ཉིན་རྒྱ་དམར་གཞུང་གིས་བོད་དེང་རབས་ཅན་ལ་འཕེལ་རྒྱས་བཏང་བ་ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་ཅིག་སྤེལ་འགྲེམས་བྱས་ཤིང་། དེབ་དེའི་ནང་རྒྱ་དམག་དཔུང་སྡེས་བོད་ཞི་བའི་བཅིངས་གྲོལ་གཏོང་རྒྱུ་ཡིན་ལུགས་ཀྱིས་བོད་ལ་སླེབས་འབྱོར་བྱུང་བ་ནས་བཟུང་ད་ཕན་བོད་ནང་ཡར་རྒྱས་འཛུགས་སྐྲུན་དང་ལས་གཞིར་རོགས་ཕན་གྱི་འགྲོ་གྲོན་བཏང་ཚུལ། ཞིང་འབྲོག་བཟོ་གསུམ་གྱི་ཐོན་བསྐྱེད་ཀྱི་རྣམ་གྲངས་ཇི་སྙེད་ཅིག་འཕར་བའི་གྲངས་ཐོ་འདྲ་ཆགས་མང་དག་བཀོད་དེ་བོད་དེ་སྔར་མེད་བདེ་སྐྱིད་ལྡན་པའི་དེང་རབས་ཅན་ལ་བསྒྱུར་ཡོད་ལུགས་མཁས་སྙན་འདྲ་ཆགས་བཤད་འདུག་ཅིང་། དེ་རྣམས་ནི་རྒྱ་དམར་གྱིས་འཆར་ཅན་འཁྱོག་བཤད་ཐོག་ཆབ་སྲིད་དགོས་མཁོའི་དྲིལ་བསྒྲགས་ཀྱི་ཡིག་ཆ་ཞིག་དང་། ད་ཕན་ལོ་༤༣ རིང་རྒྱ་དམར་གྱི་བཙན་འོག་ཏུ་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱངས་བའི་བརྗོད་ཀྱིས་མི་ལངས་པའི་གནས་ཚུལ་ངོ་མ་རྣམས་དྲི་ངན་ས་གཡོག་གིས་འགེབ་སྲུང་བྱེད་ཐབས་བྱས་པ། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་དེ་བཞིན་བདག་དབང་ཁྲིམས་མཐུན་ཡིན་གནས་བཟོ་ཐབས་བྱས་པ་སོགས་མ་བདེན་རྫུན་སྒྲིག་གི་ངན་བྱས་ངོ་གསོར་འཁྱེར་བའི་གནས་ཚུལ་འབའ་ཞིག་ལས། ཡིད་འཕྲོག་དོན་སྙིང་ལྡན་པའི་གནས་ཚུལ་གསར་པ་ཞིག་གང་ཡང་མིན།

བོད་ནང་ལས་གཞིི་འཛུགས་སྐྲུན་ཐོག་འགྲོ་གྲོན་རོགས་རམ་རྒྱ་ཆེ་བཏང་ཁུལ་ཡང་། རྒྱ་དམར་བོད་ལ་སླེབས་རྗེས་བོད་གཞུང་གི་བང་མཛོད་དང་། བོད་མི་སྤྱི་སྒེར་ཡོངས་ཀྱི་རྒྱུ་ནོར་ལོངས་སྤྱོད་གྲངས་ཀྱིས་མི་ལངས་པ་རྣམས་རྒྱ་ནག་ལ་དབོར་འདྲེན་དང་། གདོད་མའི་ནགས་ཚལ་རྣམས་མགོ་སྐྲ་བཞར་པ་ལྟ་བུས་འབྲེག་བཏུབ། བོད་ཀྱི་རང་བྱུང་གི་གཏེར་ཁ་གྲངས་མང་སྔོག་འདོན། རི་དྭགས་སེམས་ཅན་དང་། ཐ་ན་ཆུའི་ནང་གི་ཉ་ཚུན་ཆད་རྒྱ་ནག་ལ་དབོར་འཁྱེར་བྱས་པའི་རིན་འབབ་སོགས་ཀྱི་ཟུར་ཆ་ཙམ་ཡང་ལོངས་རེ་མེད་སྟབས་ཤ་ཁོག་ཕར་འཁྱེར་ནས་ཤ་རྡོག་ལ་རྩོད་གླེང་བྱས་པ་ལྟར་གྱི་ངང་ཚུལ་ལས་མ་འདས།

སྲིད་དབང་གཅིག་བསྡུའི་འོག་བོད་མི་སྨོས་ཅི། རྒྱ་ནག་གི་ཡུལ་མི་མང་ཚོགས་ལའང་མང་གཙོའི་རང་དབང་ཐོབ་ཐང་མེད་པ་དང་། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་སྐོར་ལོ་ལྟར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཡོང་གི་ཡོད་པ་དང་། བཙན་བྱོལ་བོད་མིར་མཚོན་ན་༸གོང་ས་མཆོག་གི་ཡང་དག་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གནས་སྟངས་བཟང་བ་འབུར་ཐོན་ཀུན་གྱིས་བསྔགས་ཡུལ་དུ་གྱུར་ཅིང་། རང་དབང་མང་གཙོའི་མདུན་མཆོངས་རླབས་ཆེན་ཞིག་བརྒྱབ་ཡོད་པ་དང་། ཉེ་བའི་ཆར་བཀའ་ཤག་གི་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མི་རྣམས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་འདེམས་བསྐོ་ཟིན་ཏེ་བོད་ཀྱི་ལོ་རྒྱུས་ནང་བཟང་ཕྱོགས་ཀྱི་འགྱུར་པ་གསར་དུ་བྱུང་བར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པའི་དངོས་ཡོད་གནས་སྟངས་རྣམས་རྒྱ་དམར་གྱིས་མིག་གིས་མ་བཟོད་པར་ངོ་ཚ་ཁ་སྐྱེངས་ཀྱིས་རྒྱབ་ཤ་དཀར་པོའི་ཡིག་ཆ་ཟེར་བ་འདོན་སྤེལ་བྱ་རྒྱུར་འཕྲལ་རྐྱེན་ཞིག་བྱུང་བ་གོར་མ་ཆགས་པས་བདག་སྤྲོད་བྱ་འོས་ཤིག་གང་ཡང་མིན་ལ་ང་ཚོས་ངོ་རྒོལ་བྱ་རྒྱུ་ཡིན།

མཐའ་དོན། སྤྱི་སྒོས་བགེགས་དབང་གིས་ཁ་སྔོན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚུགས་ཉེའི་སྐབས་༸གོང་ས་མཆོག་གློ་བུར་སྙུན་ཚུལ་བཞེས་ཏེ་གཞིས་བྱེས་བོད་མི་རྣམས་ཟས་བཅུད་གཉིད་བྲལ་ཡིད་གདུང་ཅི་ཆེའི་ངང་རེ་ཞིག་གནས་དགོས་བྱུང་ཡང་། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་སྨན་གཏུགས་འཕྲོད་བཞེས་ལེགས་གྲུབ་དྭངས་བསྐྱེད་ཀྱིས་འཚོ་ཞིང་གཞེས་པའི་བཀྲིན་ནི་གཞལ་ཟླ་མེད་ཅིང་། ད་དུང་ཡང་སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་འབངས་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སྐྱབས་འཇུག་བརྩེ་བས་གཟིགས་པ་ཡོང་བ་ཞེས་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་མ་ཟད། སྐུ་བགེགས་ཀྱི་མཚན་མ་ཡོངས་སུ་ཞི་ཐབས་སུ་གཞུང་མང་གཉིས་ཕྱོགས་ནས་རང་ལུགས་ཞབས་རིམ་རྒྱ་ཆེ་སྨིན་སྒྲུབ་དང་། ལྷག་པར་༸གོང་ས་ཆེན་པོའི་དགོངས་བཞེད་ལྟར་བོད་མི་རྣམས་ནང་ཁུལ་ཆོས་ལུགས་ཆོལ་ཁ་ཡུལ་ཞེན་གྱི་འཐེན་འཁྱེར་མེད་པར་དམ་ཚིག་འོ་ཆུ་གཅིག་འདྲེས་སུ་གནས་རྒྱུ་ནི་ནང་གི་ཞབས་རིམ་ཡང་ཡིན་པས་བོད་མི་ཚང་མས་བནོ་བསམ་འཕྱུགས་མེད་གནང་རོགས་ཞེས་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ།

དེ་བཞིན་ཇི་ལྟར་བདེན་གསོལ་སྨོན་ལམ་ལས། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། ཞེས་དང་། བོད་སྐྱོང་ལྷ་སྲུང་གི་འཕྲིན་བཅོལ་དམ་ལྡན་མྱུར་སྐུལ་མ་ལས། དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། ཞེས་སྨོན་པ་དེ་དེ་བཞིན་དུ་འགྲུབ་ཏེ་བོད་འབངས་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན་ལགས་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༢༠༠༢ ཟླ་༣ ཚེས་༡༠ ལ།། བོད་རྒྱལ་ལོ། ཀུན་ཡང་རྒྱལ་འགྱུར་ཅིག

Menu