གསུམ་བཅུའི་དུས་དྲན་ཐེངས་ ༤༤ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་རིགས་སེར་སྐྱ་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཕྱི་རྒྱལ་བཙན་འཛུལ་བ་རྒྱ་དམར་གྱི་དྲག་དཔུང་ལ་ཞི་མཐུན་རང་དབང་སྒེར་ལངས་བྱེད་འགོ་བརྩམས་ཏེ་དེ་རིང་ལོ་༤༤ ཧྲིལ་པོ་འཁོར་ཞིང་། འདས་པའི་ལོ་རྒྱུན་དེའི་རིང་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པའི་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་དཔའ་བོ་ཕོ་མོ་ཁྲི་ཚོ་བཅུ་གཉིས་བརྒལ་བ་དང་། ད་ལྟ་རྒྱ་དམར་གྱིས་ཉེས་མིང་སྣ་ཚོགས་ཁག་འདོགས་ཀྱིས་བཙོན་འཇུག་དོ་དམ་འོག་མི་སྤྱོད་ལས་འདས་པའི་ལྐོག་གསོད་སོགས་དཀའ་སྡུག་མནར་གཅོད་མི་བཟོད་པ་མྱོང་བཞིན་པའི་རྒྱལ་གཅེས་དཔའ་འཛངས་སྙིང་སྟོབས་ཅན་དེ་རྣམས་ལ་རྗེས་དྲན་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣགས་པའི་འདོད་དོན་རང་ཡུལ་རང་དབང་མྱུར་དུ་སོན་པ་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་ཤིང་རྗེས་སུ་བཟུང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གཅིག་ཉིད་ནི་ཕན་ཚུན་ཞི་མོལ་གྲོས་བསྡུར་བྱ་རྒྱུ་ཁོ་ན་ལས་མེད་སྟབས། འདས་པའི་ལོ་གྲངས་༤༣ རིང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་དམར་རང་ལ་མེས་འཚིགས་མེར་བཏུགས་གྲོས་མོལ་འགོ་འཛུགས་ཡོང་ཐབས་སུ་རྒྱ་ནག་ཏུ་ཆེས་མཐོའི་སྐུ་ཚབ་དང་། བོད་ནང་རྒྱ་ཆེའི་མང་ཚོགས་ཀྱི་གནས་སྟངས་རྟོག་ཞིབ་སླད་འབྲེལ་མཐུད་སྐུ་ཚབ་ཚོགས་པ་སྔ་རྗེས་ཆེད་གཉེར་བཀའ་བརྫངས་མཛད་པའི་ཉེར་ལེན་གྱིས་བོད་ཀྱི་སྒོ་མོ་ཕྱེས་ཏེ་གཞིས་བྱེས་དབར་གཉེན་འཕྲད་འགྲོ་འོངས་དང་། བོད་ནང་སྲིད་བྱུས་ལྷུག་གཏོང་འོག་ངལ་གསོ་བདེ་བའི་གོ་སྐབས་ཅུང་ཟད་ཐོབ་པ་ཙམ་ལས། སྐབས་དེའི་རྒྱ་དམར་གྱི་འགོ་ཁྲིད་རྒན་རབས་ཚོས་ཀླད་རྙིང་མཁྲེག་བཟུང་གུ་དོག་ཁོ་ནས་བོད་ཀྱི་རྩ་དོན་ཐོག་གྲོས་མོལ་འགོ་འཛུགས་བྱ་རྒྱུའི་འགན་ཁུར་གང་ཡང་མ་བླངས་ཤིང་། དེར་བརྟེན་རང་དབང་ཞི་བདེར་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཀྱི་མགོན་དཔུང་རྒྱབ་གཉེར་མ་བརྟེན་མཐུ་མེད་ཀྱིས་དབུ་མའི་ལམ་གྱི་ཐབས་ཚུལ་དགོངས་བཞེས་ཐོག་ཕྱི་ལོ་༡༩༨༧ ལོར་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། དེ་རྗེས་སི་ཊ་སི་སྦག་ཡོ་རོབ་གྲོས་ཚོགས་སུ་གསུང་བཤད་སྩལ་བ་བཅས་ཀྱི་ནང་དོན་སྙིང་པོར་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་མཐོ་ཞིག་གི་ཐོག་ཞི་འགྲིག་ཡོང་བའི་དགོངས་བཞེས་མཛད་པ་ནི་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཤའོ་ཕིང་གིས་གྲོས་འགོ་བཏོན་ཏེ། བོད་རང་བཙན་མ་གཏོགས་གཞན་གྱི་གནད་དོན་གང་ཡང་གོ་བསྡུར་གྲོས་མོལ་བྱ་འཐུས་ཡོང་བ་ཞེས་པའི་གསུངས་བབ་ལ་གཞིགས་ཏེ་དགོངས་འཆར་དེ་གའི་རྒྱ་ལས་མ་བརྒལ་ཞིང་། བོད་རྒྱ་གཉིས་སྨན་དགོངས་ཡངས་དཀྱེལ་ཆེའི་གྲོས་འཆར་ཞིག་ཡིན་པ་མ་ཟད། དབུ་མའི་ལམ་ནི། བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ཀྱི་བསམ་ཚུལ་ཇི་ཡོད་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་མཛད་བཞེད་ཀྱིས་སྔོན་འགྲོའི་བསམ་ཤོག་བསྡུ་ལེན་གནང་བར། བོད་མི་བརྒྱ་ཆ་༦༤ ལྷག་ཙམ་ནས་མང་མོས་འོས་བསྡུའི་ཐག་གཅོད་མ་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ཏེ་དུས་སུ་ཐག་གཅོད་ཇི་གནང་ལ་རྒྱབ་སྐྱོར་ཞུས་དོན་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་གཞི་རྩར་བཟུང་སྟེ་༸གོང་ས་ཆེན་པོས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་དགོངས་བཞེས་ཕྱག་ལེན་ཇི་གནང་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུར་སྤྱི་མོས་གྲོས་ཆོད་གཏན་འབེབས་ཟིན་སྟབས་མདོར་ན་དབུ་མའི་ལམ་ནི་གཞུང་འབྲེལ་གཏན་འབེབས་ཟིན་པའི་སྲིད་བྱུས་ལངས་ཕྱོགས་ཤིག་ཡིན་པ་ལྟར། རང་དབང་མང་གཙོར་དགའ་བའི་འཛམ་གླིང་མང་ཚོགས་དང་། གཞུང་འཛིན་ཚོགས་པ་ཁག གྲོས་ཚོགས་མི་སྣ་སོགས་ནས་༸གོང་ས་ཆེན་པོ་མཆོག་གི་འོས་ཤིང་འཚམས་པའི་གྲོས་འཆར་དགོངས་བཞེས་མཛད་ཕྱོགས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་སྦྲགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་ནང་རྒྱབ་སྐྱོར་གྱི་གྲོས་ཆོད་སྔ་རྗེས་སུ་སྣོལ་འཇོག་ཟིན་ཐོག རྒྱལ་ཁབ་སོ་སོ་ནས་གལ་ཆེའི་གཞུང་འབྲེལ་མི་སྣ་རྒྱ་ནག་ལ་འཚམས་གཟིགས་ལ་ནམ་ཕེབས་སྐབས་སུ་༸གོང་ས་ཆེན་པོ་མཆོག་གི་ལྷན་དུ་ཞི་མོལ་གྲོས་བསྡུར་འཕྲལ་ལ་འགོ་འཛུགས་དགོས་པའི་གནོན་ཤུགས་གནང་དང་གནང་མུས་ཀྱིས་མཚོན་འཛམ་གླིང་ཆབ་སྲིད་བབ་སྟེགས་སྟེང་བོད་ཀྱི་གནས་བབ་ཚད་མཐོར་གྱུར་ཡོད་ཀྱང་རྒྱ་ཕྱོགས་ནས་ད་ཕན་ལོ་མང་རིང་འོན་པའི་བརྟུལ་ཞུགས་འཛིན་ཏེ་ཡ་ཡོལ་ཁོ་ནས་ཡ་ལན་བདག་སྤྲོད་ཚུལ་མཐུན་མ་ཞུས་ཁར། ༸གོང་ས་མཆོག་གི་སྐུ་ཚེར་ཚད་བཀག་ངན་སྒུག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དོ་ཁུར་མེད་པར་ནར་འགྱངས་སུ་མུ་མཐུད་བཞག་པ་བཅས་ནི་ཀུན་གྱིས་ཤེས་གསལ་ཡིན།

འོན་ཀྱང་ཉེ་བའི་ཆར་བོད་རྒྱའི་འབྲེལ་ལམ་སྐོར་བསྐྱར་གསོ་དང་ཞི་མོལ་ཡོང་བར་འབྲེལ་མཐུད་སྐུ་ཚབ་རྒྱ་ནག་དང་བོད་དུ་ཕེབས་ཐུབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བར་སོང་དགའ་བསུའི་རང་བཞིན་དང་། རྒྱ་ཕྱོགས་ནས་འདི་སྐོར་ཕྱིར་རྣམ་འགྱུར་འཁྲབ་སྟོན་ཙམ་མིན་པར་ཁ་ཞེ་གཉིས་མེད་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱོགས་གཉིས་ཀའི་དཀའ་ངལ་སེལ་ཕྱོགས་འགན་ཁུར་ཆེ་ཙམ་བླང་ཚེ་བོད་རྒྱ་གཉིས་སྨན་དང་། རྒྱ་ནག་གི་ཆེ་མཐོང་། ཡུལ་གྱི་ལྷིང་འཇགས་གང་ཅིར་ཕན་ཐོགས་ཡོང་རྒྱུ་ཡིན།

བོད་མིའི་ཕྱོགས་ནས་ཞི་མོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཐབས་སུ་འབད་བརྩོན་གང་ཐུབ་བྱས་རུང་རྒྱ་དམར་གཞུང་གིས་བོད་མིའི་དཔའ་བོ་བློ་བཟང་དོན་གྲུབ་ལ་ཁ་བྲལ་དང་། འབར་གས་ཀྱི་ཉེས་མིང་ཁག་གཡོག་གིས་ལུགས་མཐུན་ཁྲིམས་ཞིབ་གང་ཡང་མེད་པར་གསང་ཁྲིམས་བཅད་དེ་སྲོག་ཐོག་ཉེས་ཆད་བཏང་ཞིང་། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གཏང་འཆར་ཡོད་པ་དང་། དེ་བཞིན་དོ་དམ་འོག་བོད་མི་གང་འཚམས་ཡོད་པ་སོགས་ལ་གཞིགས་ན་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་རྩ་དོན་ཐོག་འགན་ཁུར་ཇི་འདྲ་བྱེད་ཀྱི་ཡོད་མེད་ཐེ་ཚོམ་སོམ་ཉིའི་གནས་སུ་གྱུར་པ་མ་ཟད། རྒྱ་དམར་གཞུང་གིས་ད་བར་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ཐོག་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱེད་པའི་ངན་གོམས་གཤིས་ལུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པའི་དངོས་ར་གསལ་འཕྲོད་ལ་བརྟེན། ཁོ་ཚོའི་རང་ཤེད་རྩིང་སྤྱོད་བྱེད་བབ་འདི་རིགས་ལ་སྐྱོན་བརྗོད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་ཉེས་ཡངས་གློད་བཀྲོལ་དང་། བོད་གཞིས་ལུས་མི་མང་གི་ཆོས་དད་རང་དབང་སྲུང་སྐྱོབ་སོགས་ཀྱི་ཆེད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ཨ་རི་དང་ཡོ་རོབ་གྲོས་ཚོགས་སོགས་ནས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་གཞིར་བཟུང་། རྒྱ་དམར་གཞུང་ལ་གནོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང་། གཞིས་བྱེས་བོད་མི་ཚོས་ཀྱང་དུས་ཡུན་ངེས་ཅན་ནང་ཚུད་རེ་དོན་ལྟར་གྲོས་མོལ་འགོ་འཛུགས་མ་ཐུབ་ཅིང་། ཐུབ་ཀྱང་དུས་ཡུན་ཐུང་ངུའི་ནང་ཞི་མོལ་གྲོས་བསྡུར་གཞི་བརྟན་ལེགས་ཚུགས་ཐུབ་པ་མ་བྱུང་ཚེ། གཞིས་བྱེས་བོད་མིའི་མངོན་འདོད་དང་དངོས་ཡོད་གནས་སྟངས་ལ་འཚམས་པའི་གོམ་བགྲོད་གསར་པ་ཞིག་གི་ཐོག་མནོ་བསམ་བསྐྱར་མ་མི་གཏོང་མཐེུད་མི་ཆགས་པའི་ངེས་པ་མེད།

ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་གནང་བབ་ལ་གཞིགས་ཚེ་འཛམ་གླིང་ནང་དྲག་སྤྱོད་འཇིགས་བསྐུལ་རིང་ལུགས་པའི་ལས་འགུལ་ཟིང་སློང་དང་། འཐབ་འཁྲུག་གིས་མི་གསོད་ཁྲག་སྱོར་རིགས་ལ་དོ་སྣང་གཙིགས་ཆེར་འཛིན་ཅིང་། འཚེ་མེད་ཞི་མཐུན་གྱི་ལས་འགུལ་བདེན་དོན་ཁག་ལ་སྣང་མེད་བསྐྱུརའཇོག་བྱེད་རྐྱང་བྱས་པ་འདིས་ཞི་བདེར་བློ་མོས་ཡོད་པའི་སྒྲིག་འཛུགས་དང་གང་ཟག་རྣམས་ཡིད་ཐང་སེམས་ཤུགས་ཆགས་གཞིའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་མེད་པ་ཆགས་རྒྱུ་མ་ཟད། བོད་ནང་གི་གནས་སྟངས་ལ་མཚོན་ནའང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་ཟེར་བའི་ལས་འཆར་མིང་ཐོག་ནས་བོད་ནང་རྒྱ་རིགས་ཞི་དྲག་གི་ལས་མི་ཁྱོན་ཆེ་ཁྱིམ་གཞིས་སྤོ་ཤུགས་དང་། མེ་འཁོར་ལྕགས་ལམ་བཟོ་བསྐྲུན་ལས་གཞི་བྲེལ་ཚུབ་ངང་ལག་ལེན་བསྟར་ཏེ་བོད་དེ་བཞིན་རྒྱ་དམར་གྱི་དབང་འོག་ཏུ་མུ་མཐུད་གནས་རྒྱུར་དྲག་པོའི་རྟེན་གཞི་སྲ་བརྟན་བཟོས་ཤིང་། ཡུལ་གྱི་བདག་པོ་བོད་མི་རྣམས་གྲངས་ཉུང་མི་རིགས་ལ་གྱུར་ཟིན་པ་དང་། ལོ་ཤས་གོང་རྒྱ་དམར་གྱིས་བོད་ཀྱི་ས་ཁུལ་སྟོད་སྨད་བར་གསུམ་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འཆར་གཞི་ལྡན་པའི་ངང་མུ་མཐུད་སྤེལ་ཏེ་བོད་ཀྱི་ཆོས་རིག་གིས་གཙོས་ཡུལ་གོམས་གཤིས་ལུགས་རྣམས་རྨེག་མེད་རྩ་བརླག་ཏུ་བཏང་ཐབས་བྱས་པ་ནི་རིག་གནས་གསར་བརྗེ་ཟེར་བའི་བདུད་བརླམས་པའི་ལས་གཞི་དང་གཉིས་སུ་མེད་པའི་གནས་སྟངས་ཐོག ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་སོགས་རྒྱ་དམར་གྱིས་དོ་དམ་བཙན་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་པ་སོགས་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཉེན་ཆེ་ཆགས་འཇིག་གི་གནས་སུ་གྱུར་ཡོད་ནའང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་འགན་བཞེས་ཀྱིས་བོད་རྒྱའི་དཀའ་རྙོག་གི་འཁྲུན་ཐག་གཅོད་རྒྱུར་གླེང་སློང་གནང་རྒྱུ་ལྟ་ཞོག བོད་ནང་ཆོས་བྱེད་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཁག་ཡར་རྒྱས་གཏོང་ཕྱོགས་སྐོར་དོན་ཕན་ལྡན་པའི་བསྐུལ་ཁྱབ་གནད་བསྣུན་གནང་མ་ཐུབ་པའི་གནས་སྟངས་ནི་བློ་ཕམ་གྱི་རང་བཞིན་ཡིན་པ་མ་ཟད། དཀའ་ངལ་གནས་སྟངས་འདི་དག་ལ་རྒྱལ་ཚོགས་ཀྱིས་ཉེན་སྐྱོབ་རོགས་སྐྱོར་གནང་ཐབས་མེད་ཚེ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཡོད་པའི་དགོས་དམིགས་ཀྱང་ཆེར་མ་མཐོང་ཞིང་། དེར་བརྟེན་༸གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་དང་། རྒྱ་ནག་གཞུང་དབར་ཞི་མོལ་གྲོས་བསྡུར་ཡོང་ཐབས་ལ་འབད་བརྩོན་གནང་དང་གནང་བཞིན་པའི་ལས་རིམ་ཐོག་མཐུན་འགྱུར་གཞོག་འདེགས་ཀྱི་ཆ་རྐྱེན་དུ་འགྱུར་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། སྟོབས་ཆེན་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་བསྐྱེད་ཡོང་བ་ཞེས་ད་རེས་གོ་སྐབས་འདི་བརྒྱུད་ནས་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

བོད་རྒྱ་ཞི་མོལ་འགྲིག་འཇགས་བྱུང་རྗེས་གཞིས་བྱེས་བོད་མི་མཉམ་འཛོམས་སྐྱིད་པའི་ཉི་མ་ཤར་མཚམས་སུ་བོད་ཀྱི་ཆབ་སྲིད་གནས་བབ་འགྲོ་ལུགས་ཇི་འདྲ་ཞིག་བསྐྱང་རྒྱུའི་དགོངས་བཞེས་ཐུགས་རེ་ཇི་ལྟར་གནང་གི་ཡོད་པའི་གནས་ལུགས་རྣམས་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་ནང་གསལ་བཀོད་མཛད་ཡོད་པ་མ་ཟད། གོང་ཞུས་ལྟར་དབུ་མའི་ལམ་གྱི་གྲོས་འཆར་ནི་བོད་ཆོལ་གསུམ་ཆིག་སྒྲིལ་གོང་བུའི་ནུས་ཤུགས་སྲ་བརྟན་དང་། ཆོལ་གསུམ་བོད་མི་རྣམས་སྐྱིད་སྡུག་གནས་སྟངས་ཇི་འདྲ་བྱུང་ཡང་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་ལར་རྒྱ་དམ་བཟུང་ཡོད་སྟབས་གཞིས་ལུས་བོད་མི་རྣམས་བློ་བདེ་བག་ཕེབས་ངང་གནས་བཞུགས་ཡོང་བ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྲིད་མཐར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་ི་འཐུས་ལྷན་ཚོགས་ཀྱིས་༢༠༠༣ ཟླ་༣ ཚེས་༡༠ ལ།།

Menu