གསུམ་བཅུའི་དུས་དྲན་ཐེངས་ ༤༥ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་འདིར་བོད་ལྗོངས་རང་དབང་སྒེར་ལངས་ཐེངས་༤༥ པའི་གཞུང་འབྲེལ་མཛད་སྒོའི་དབུ་གཙོར་ཆིབས་བསྒྱུར་བསྐྱངས་པའི་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་སོང་ནས་༧སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། འཛིན་སྐྱོང་བཀའ་ཤག་གི་དབུ་འདོམས་བཀའ་བློན་ཁྲི་པས་དབུས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་དབུས་གཞུང་ཞབས་ཆེ་ཕྲ། བཞུགས་སྒར་ས་གནས་འཐུས་མི་ཚོགས་འདུའི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཁག་གི་འགན་འཛིན་རྣམ་པ། བརྩེ་བའི་སློབ་ཕྲུག་ཕོ་མོ་རྣམ་པ། མཛའ་བརྩེ་དང་ལྡན་པའི་འདིར་འདུས་མང་ཚོགས་བརྒྱུད་ནས་གཞིས་བྱེས་རྒྱ་ཆེའི་མང་ཚོགས་བཅས་པར་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་རྣམས་མ་བགྲོས་བསམ་པ་གཅིག་གྱུར་དང་། རྒྱ་དམར་གྱི་དྲག་དཔུང་ལ་འ་ཆད་འུ་ཐུག་ཐབས་ཟད་ཀྱིས་འཚེ་མེད་ཞི་བའི་སྒོ་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་འགོ་བརྩམས་ཏེ་མི་ལོ་༤༥ འཁོར་བ་ལྟར་དུས་ཡུན་དེའི་རིང་རྒྱ་དམར་གྱི་དྲག་གནོན་གདུག་རྩབ་མནར་གཅོད་འོག་རྐྱེན་འདས་སོང་བའི་བོད་མི་དཔའ་བོ་དཔའ་མོ་དེ་རྣམས་ཀྱི་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ལ་གུས་བཀུར་བསྔགས་བརྗོད་རྗེས་དྲན་ཞུ་བ་དང་སྦྲགས་བོད་མི་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣགས་པའི་བོད་ལྗོངས་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་འཐོབ་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་ཀུན་ཏུ་མཉེས་ཤིང་རྗེས་སུ་བཟུང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

བོད་ལྗོངས་རང་དབང་སྒེར་ལངས་ཀྱི་དུས་དྲན་ནི་སྤྱིར་བཏང་དུས་ཆེན་གཞན་ལྟར་དགའ་སྐྱིད་རྫོགས་ལྡན་གྱི་ཉིན་མོར་སྲུང་བརྩི་བྱ་འོས་ཤིག་གང་ཡང་མིན་ཞིང་། འདས་པའི་མི་ལོ་༤༥ རིང་བོད་ནང་གི་གནས་ཚུལ་བྱུང་རིམ་ལ་ཕྱི་མིག་བལྟས་ཚེ་རྒྱ་དམར་དཔུང་སྡེས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་མ་བདག་བདག་བཟུངས་ཀྱིས་བཙན་གནོན་དབང་བསྒྱུར་འོག་བོད་མི་འབུམ་བཅུ་གཉིས་བརྒལ་བ་དུས་མིན་འཆི་རྐྱེན་བྱུང་བ་དང་། བོད་མིའི་སྲོག་ལས་གཅེས་པའི་ཆོས་ཤེས་ཀྱི་བསྟི་གནས་དགོན་སྡེ་གྲྭ་ཚང་དྲུག་སྟོང་ལྷག་ཙམ་གཏོར་རྒོལ་གྱིས་རྩ་ཆེའི་རྟེན་དང་བརྟེན་པར་བཅས་རྨེག་མེད་རྩ་བརླགས་ཏུ་བཏང་ཞིང་། ཆོས་སྤྱོད་ཀྱི་རང་དབང་འཕྲོགས་པ། བོད་ཀྱི་རང་བྱུང་གཏེར་དངོས་རྣམས་ཚད་ལས་བརྒལ་བའི་བསྔོགས་འདོན་གྱིས་ཐོན་བསྐྱེད་རྣམས་རྒྱ་ནག་ཏུ་དབོར་ཁྱེར་གྱིས་མཚོན་ཁོར་ཡུག་ལ་ཉམས་ཉེས་ཚབས་ཆེ་བཏང་བ། བོད་མི་སྤྱི་སྒེར་གྱི་རྒྱུ་ནོར་ལོངས་སྤྱོད་རྣམས་བཙན་འཕྲོགས་ཀྱིས་བོད་མི་རྣམས་སྤྲང་པོ་ཁྱུ་གཅིག་ཏུ་གྱུར་པ། ཉེ་བའི་ཆར་ནུབ་ཕྱོགས་གསར་སྤེལ་ཆེན་མོ་ཟེར་བའི་ལས་འཆར་འོག་རྒྱ་རིགས་ཞི་དྲག་ལས་མི་ཁྲི་ཚོ་མང་པོ་བོད་ཀྱི་ས་ཁུལ་ཁག་ནང་གནས་སྤོ་གཏན་སྡོད་བྱ་མུས་ཀྱིས་བོད་མིའི་ལས་ཀའི་གོ་སྐབས་ཡོད་དོ་ཅོག་ཤོར་བ་སྨོས་ཅི། བོད་མིའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། བོད་མིར་རང་ཆས་སུ་ཡོད་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་ནོར་སོགས་སྲུང་སྐྱོབ་བྱ་སྒོར་དོ་ཕོག་འགལ་རྐྱེན་ཅི་ཆེ་ཆགས་པ་མ་ཟད། བོད་ནང་མེ་འཁོར་ལྕགས་ལམ་འདྲེན་འཛུགས་ལས་གཞི་བྲེལ་ཚུབས་ངང་ལག་ལེན་བསྟར་ཏེ་སྤེ་ཅིང་ནས་ཐད་ཀར་དབང་བསྒྱུར་མུ་མཐུད་བྱེད་བདེར་དམིགས་ཡུལ་བཟུང་བ་སོགས་མདོར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གཉན་འཕྲང་ཆགས་འཇིག་གི་དུས་སུ་སླེབས་ཡོད་པར་བརྟེན་ད་རེས་གསུམ་བཅུའི་དུས་དྲན་གྱི་གོ་སྐབས་དང་བསྟུན་ཏེ་གོང་གི་གནས་ཚུལ་རྣམས་གཞིས་བྱེས་བོད་མི་ཚོས་དྲན་བསྐུལ་སླར་གསོའི་ཐོག བོད་མིའི་རྩ་དོན་བསྒྲུབ་བྱ་བོད་ལྗོངས་རང་དབང་སླར་གསོའི་ལས་ཐབས་གང་ཅིར་རང་མི་རང་ལས་དང་། རང་དོན་རང་གཅེས་ཀྱིས་ལྷག་བསམ་འཁུར་འགན་ཆེ་བསྐྱེད་བྱ་རྒྱུའི་དམ་བཅའ་སླར་གསོ་བྱ་རྒྱུ་དང་། ད་བར་གཞིས་བཞུགས་བོད་མི་གཙོ་བོར་གྱུར་པའི་བོད་མི་རྣམས་ནས་ཕྱི་ནང་གི་དཀའ་ངལ་གནས་སྟངས་ལ་ལྟོས་མེད་རྩ་དོན་ཐོག་ལྷག་བསམ་སྙིང་སྟོབས་རི་བོ་ལྟར་བརྟན་པོར་གནས་པ་དེ་བཞིན་དུ་མུ་མཐུད་གནས་རྒྱུ་ནི་གལ་ཆེའི་ཐོག བོད་མི་རྣམས་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་། ཡུལ་ལུང་ཕྱོགས་ལྷུང་འཐེན་ཁྱེར་མེད་པར་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཀྱིས་ཅི་གསུང་བཀའ་བསྒྲུབ་ཐོག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་གནང་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན།

དེང་དུས་ཡར་ཐོན་ཅན་གྱི་ས་ཡི་གོ་ལའི་སྤྱི་ཚོགས་ནང་སྤྱི་སྒེར་རྩོད་རྙོག་མཐའ་དག་ཞི་མོལ་གྲོས་བསྡུར་གྱི་ལམ་ནས་འགྲིག་འཇགས་ལ་ཐབས་ཤེས་འབད་འབུངས་བྱས་དང་བྱེད་མུས་ལྟར། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སྐོར་ལ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་ཡངས་དཀྱེལ་ཆེའི་དགོངས་བཞེས་ཀྱིས་ཕྱི་ལོ་༡༩༧༩ ནས་བཟུངས་བོད་ཕྱི་ནང་འགྲོ་འོང་གི་ལམ་སྒོ་ཕྱེས་ཤིང་སྲིད་བྱུས་ལྷུག་བཏང་གི་གོ་སྐབས་དང་བསྟུན་བོད་དང་རྒྱ་ནག་སོ་སོར་གྲོས་མོལ་འབྲེལ་མཐུད་ཆེད་སྐུ་ཚབ་ཚོགས་ཆུང་སྔ་རྗེས་བཀའ་བརྫོངས་ཆེད་གཉེར་གནང་བ་དང་། ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཆེད་བསྒྲགས་ཐོག དེ་རྗེས་ཡོ་རོབ་གྲོས་ཚོགས་སུ་མཇུག་གནོན་གསུང་བཤད་བསྩལ་ཐོག ཉེ་བའི་ཆར་ཡང་བོད་རྒྱའི་འབྲེལ་ལམ་དུས་ཚོད་རིང་པོའི་རྗེས་བསྐྱར་གསོ་ཐུབ་པ་བྱུང་བའི་སྐབས་སུའང་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་། བོད་ཀྱི་ས་ཁུལ་འགའ་ཞིག་ནང་ཕེབས་ཐུབ་པ་སོགས་མདོར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་བོད་ལྗོངས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་ཚད་ལྡན་གྱི་གནས་བབ་ཅིག་ལ་འགྲིག་འཇགས་ཡོང་རེས་རྒྱ་ནག་རང་ལ་མེས་འཚིགས་མེར་བཏུགས་དང་། ཐབས་ཤེས་འབྲེེལ་ལམ་ལུ་གུ་རྒྱུད་སྦྲེལ་དུ་གནང་བ་བཅས་ནི་རྒྱ་མིའི་འགོ་ཁྲིད་འདས་པོ་ཏིང་ཞའོ་ཕིང་གིས་ཐོག་མར་གྲོས་འགོ་བཏོན་པའི་རྒྱ་ལས་མ་བརྒལ་ཞིང་། བོད་རྒྱ་གཉིས་སྨན་དང་། ལྷག་བསམ་རྣམ་དག་གི་སྐབས་བསྟུན་ཐུགས་ཁུར་མཛད་ཕྱོགས་ཤིག་ཡིན་པ་མ་ཟད། གྲོས་མོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཐབས་སུ་བོད་མིའི་ངོས་ནས་གུ་གཤངས་དང་མཐུན་འགྱུར་གཞོག་འདེགས་སྒོ་ཀུན་ནས་བྱས་པ་ལྟར་རྒྱ་ཕྱོགས་ནས་དྭོགས་པ་རྣམ་རྟོག་ཁོ་ན་མ་ཡིན་པར་ཕྱོགས་མཚུངས་བསམ་གཞིགས་ནན་ཏན་གནང་ཚེ་འཛམ་གླིང་མང་ཚོགས་མདུན་སར་རྒྱ་ནག་གི་ཆེ་མཐོང་དང་། ཡུལ་གྱི་ལྷིང་འཇགས། བོད་རྒྱའི་དབར་གནའ་འབྲེལ་ཡུན་གནས་ཡོང་རྒྱུ་སོགས་ལ་ཕན་ཐོགས་དགེ་མཚན་ཡོང་རྒྱུ་ཡང་། བར་ལམ་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་སོགས་འགའ་ཞིག་གློད་བཀྲོལ་དང་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ཏུ་ཐེངས་གཉིས་ཙམ་ཕེབས་ཏེ་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་རྣམས་དང་མཇལ་མོལ་ཐུབ་པ་ཙམ་ལས། གྲོས་མོལ་འགོ་འཛུགས་བྱ་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་ཡིད་རྟོན་འཕེར་ངེས་གསར་སྤྲོས་རིགས་གང་ཡང་མ་བྱུང་བ་མ་ཟད། རྒྱལ་སྤྱིའི་མང་ཚོགས་ཕྱོགས་ཡོངས་ནས་གནོན་ཤུགས་དང་ཞུ་བསྐུལ་ཇི་ལྟར་ཞུས་མིན་ལ་ལྟོས་མེད་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གི་གཡོ་འཕྲུལ་འོག་འདས་གསོན་གང་ཡིན་སུས་ཀྱང་ཤེས་རྟོགས་མ་ཐུབ་པའི་གནས་སུ་གྱུར་བ་དང་། རྒྱལ་གཅེས་པ་བློ་བཟང་དོན་གྲུབ་ལ་ཁ་བྲལ་དང་། འབར་གས་ཀྱི་ཉེས་མིང་ཁག་གཡོག་གིས་ལུགས་མཐུན་ཁྲིམས་ཞིབ་གང་ཡང་མེད་པར་སྲོག་ཁྲིམས་བཅད་ཅིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་ནར་འགྱངས་རྗེས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཁར། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་སྤྱོད་ཀྱི་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུའི་སྲོལ་ངན་ལོ་རེ་ནས་ལོ་རེ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་སྐོར་གཟུར་གནས་རྒྱལ་ཁབ་མང་པོའི་ལོ་རེའི་སྙན་ཐོའི་ནང་ཐོན་དང་འཐོན་བཞིན་པ་སོགས་ལ་བརྟེན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ལྷག་བསམ་རྣམ་དག་གི་འགན་ཁུར་ཇི་འདྲ་ཞིག་གནང་གི་ཡོད་མེད་ཐེ་ཚོམ་སོམ་ཉི་ཇེ་ཆེར་འགྲོ་གི་ཡོད་ཅིང་། དེས་ན་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་གཞོན་རབས་ཚོས་སྔོན་གྱི་གུ་དོག་མཁྲེགས་བཟུང་གི་སྲིད་བྱུས་ཡོངས་སུ་འདོར་ཏེ་འགན་ཁུར་གྱི་བློ་སྟོབས་ཆེ་ཙམ་བླང་ནས་གྲོས་མོལ་དངོས་སུ་འགོ་འཛུགས་ཐུབ་ཐབས་ལ་བསམ་གཞིགས་འཕྱུགས་མེད་དགོས་གལ་དང་། འཛམ་གླིང་རྒྱལ་ཁབ་རྣམས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཀྱང་དཔལ་འབྱོར་ཚོང་འབྲེལ་སོགས་ཀྱི་ལམ་ནས་གནོན་བསྐུལ་སྔར་ལྷག་ཆེ་བསྐྱེད་ཡོང་བའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན། གལ་སྲིད་དུས་ཚོད་ངེས་ཅན་ནང་བོད་ཀྱི་དཀའ་རྙོག་སྐོར་འཁྲུན་ཐག་ཆོད་པ་ཞིག་མ་བྱུང་ཚེ་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་གཤིས་བོད་མིའི་ངོས་ནས་ལངས་ཕྱོགས་གསར་པ་ཇི་འགབ་ཅིག་ཐོག་བསམ་གཞིགས་ལག་བསྟར་མ་བྱེད་མཐེུད་ཡོང་གནས།

སྔ་ལོའི་ནང་རྒྱ་གར་གྱི་སྲིད་བློན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་སྐབས་བོད་དོན་ནི་བཀའ་བསྡུར་གྲོས་གཞིའི་ཁོངས་གལ་གནད་ཆེ་གྲས་ཤིག་ཡིན་པ་ལྟར་བཀའ་བསྡུར་གླེང་སློང་གནང་ཞིང་། རྒྱ་ཕྱོགས་ནས་རང་གཤེད་ཀྱིས་གནོན་ཤུགས་ཇི་ལྟར་སྤྲད་མིན་ལ་མ་ལྟོས་པར་རྒྱ་གར་གྱིས་བོད་དོན་ཐོག་དང་། ༸གོང་ས་ཆེན་པོ་མཆོག་ལ་འཛིན་པའི་སྲིད་བྱུས་ལངས་ཕྱོགས་བརྟན་བཟུངས་ཀྱིས་རྒྱ་མིའི་འདོད་འདུན་ལྟར་མ་འགྲུབ་པ་དང་། བོད་དང་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་ཙམ་མ་ཟད། གནའ་དུས་ནས་ཆོས་དང་ཟང་ཟིང་གི་འབྲེལ་ལམ་ཐོུང་མ་ཡིན་པ་ཞིག་ཡོད་པ་དང་། བོད་དོན་བདེན་པའི་གནས་ལུགས་རྣམས་རྒྱ་གར་གཞུང་ནས་ཐུགས་མངའ་གསལ་རྟོགས་ཡོད་པར་བརྟེན་བོད་རྒྱའི་གྲོས་མོལ་བྱ་སྒོར་རྒྱ་གར་གཞུང་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་སྣེ་ཁྲིད་འབྲེལ་མོལ་ཡོང་བ་ཞེས་ད་རེས་གོ་སྐབས་འདི་བརྒྱུད་ནས་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ་དང་། དེ་འབྲེལ་ཨ་རིའི་སྲིད་འཛིན་གྱིས་གཙོས་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམས་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་སྐབས་ཀྱང་བོད་དོན་སྐོར་གླེང་སློང་བཀའ་བསྡུར་གནང་བ་དང་། རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ཁོངས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་སྤྱོད་རང་དབང་སོགས་སེམས་ཚབས་འོས་པའི་གནས་སྟངས་གསལ་རྗེན་བཀོད་འགྲེམས་གནང་བས་རྒྱ་གཞུང་ངོ་ཚ་ཁ་སྐྱེངས་དང་། འཛམ་གླིང་མང་ཚོགས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་གོང་མཐོར་འགྱུར་བར་དགེ་མཚན་བྱུང་སོང་བས་འབྲེལ་ཡོད་ཚང་མར་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་སྐྱིད་པའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༢༠༠༤ ཟླ་༣ ཚེས་༡༠ ལ། །།

Menu