༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི།

 

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི།

 

དོན་ཚན་དང་པོ།  སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༢༠ ཕྱི་ལོ་ ༡༩༩༣ ཞེས་འབོད་རྒྱུ།

 

དོན་ཚན་གཉིས་པ།  འགོ་འཛུགས།

སྒྲིག་གཞི་འདི་བོད་རྒྱལ་ལོ་ ༢༡༢༠ ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༦ ནས་འགོ་འཛུགས་བྱ་རྒྱུ།

 

དོན་ཚན་གསུམ་པ།  ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་འཛུགས།

བཅའ་ཁྲིམས་དོན་ཚན་ ༦༡ པའི་ནང་གསལ་ལྟར་གཏན་འཇགས་ཚོགས་དྲུང་ལས་ཁུངས་སུ་སྤྱི་ཁྱབ་དྲུང་ཆེ་གཅིག་དང༌། དེའི་འོག་འགན་འཛིན་སྡེ་ཚན་དང༌། ལས་བྱའི་སྡེ་ཚན་གྱི་ས་དམིགས་ཇི་དགོས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གིས་ཐག་གཅོད་ལྟར་དགོས་པ་ཡིན།

 

དོན་ཚན་བཞི་པ།  ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་དབང༌།

༡    སྤྱི་འཐུས་ལྷན་ཚོགས་ཀྱི་འཆར་འཕར་གྱི་ཚོགས་འདུ་ཡོངས་ལ་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་འཁོད་པའི་ཚོགས་སྐོང་བརྡ་ཁྱབ་གཏོང་རྒྱུ།

༢    སྤྱི་འཐུས་ཚོགས་འདུ་ནམ་ཚོགས་ལ་ཚོགས་འདུའི་ཡིག་ཆ་ཁག་གོ་སྒྲིག་དང་པར་འདེབས་ཀྱིས་སྤྱི་འཐུས་སོ་སོར་དུས་ཐོག་འགྲེམས་སྤེལ་ཞུ་རྒྱུ།

༣    ཚོགས་གཙོ་ཚོགས་གཞོན་དང་ལས་རིམ་ཚོགས་ཆུང་བཅས་ཀྱི་གཟིགས་སྐྱོང་འོག་ལས་རིམ་གཏན་འབེབས་དང་གསལ་བསྒྲགས་དུས་ཐོག་ཞུ་རྒྱུ།

༤    གྲོས་ཚོགས་ཀྱི་དྲི་བ་ཁག་དུས་ཐོག་བཀའ་དྲུང་ཡིག་ཚང་ངམ། སྲིད་སྐྱོང་། འབྲེལ་ཡོད་བཀའ་བློན་སོ་སོ་བཅས་ལ་འབུལ་གཏོང་དང་བཀའ་ལན་དུས་ཐོག་འབྱོར་མིན་རྟོག་ཞིབ་བྱ་རྒྱུ།

༥    གྲོས་ཚོགས་ཀྱི་ལས་རིམ་ཡོངས་རྫོགས་སྒྲ་འཇུག་བྱ་རྒྱུ་དང༌། དེ་དག་རིམ་པས་ཡིག་ཐོག་ཏུ་ཕབ་སྟེ་ཞུ་དག་དང་བདག་གཉེར་བྱ་རྒྱུ།

༦    ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཡིག་ཆ་ཁག་དང༌། ཁྲིམས་ཡིག་དང་སྒྲིག་གཞི། གྲོས་ཆོད་བཅས་ཀྱི་རྩ་འཛིན་ཡིག་ཆ་ངོ་མ་རྣམས་གཞུང་ཁྲ་དཀར་ཆག་དང་བཅས་བདག་ཉར་བྱ་རྒྱུ།

༧    ཁྲིམས་ཡིག་དང་སྒྲིག་གཞི་པར་སྐྲུན་བྱེད་སྐབས་ནོར་འཁྲུལ་མི་ཡོང་ཆེད་ཞུ་དག་དང༌། དག་མཆན་སྤྲོད་རྒྱུ།

༨     ཚོགས་ཆེན་སྐབས་ཟུར་ཉན་དང་གསར་འགོད་པ་རྣམས་གཏོང་རྒྱུར་སྟངས་འཛིན་བྱ་རྒྱུ།

༩    ཚོགས་ཆེན་སྐབས་གྲོས་ཚོགས་གསར་ཤོག་འདོན་སྤེལ་ཚད་ལྡན་ཡོང་བའི་གོ་སྒྲིག་བྱ་རྒྱུ།

༡༠   ཚོགས་ཆེན་སོ་སོའི་སྐབས་ཕྱོགས་ཕེབས་སྤྱི་འཐུས་རྣམས་ཀྱི་བཞུགས་ཡུལ་གྲ་སྒྲིག་གནང་དགོས་ལ་ལྟ་རྟོག་དང་སྣེ་ཤན་བྱ་རྒྱུ།

༡༡   རྒྱུན་ལས་དང་སྤྱི་འཐུས་ཚོགས་ཆུང་ཁག་གི་ཚོགས་འདུའི་གོ་སྒྲིག་དང་ཡིག་ཆ་བདག་ཉར་བཅས་འཚེམས་མེད་བྱ་རྒྱུ།

༡༢   སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁག་གསར་སྒྲིག་དང་བསྐྱར་བཅོས་དགོས་རིགས་སྐབས་མཚམས་སོ་སོར་ཟིན་བྲིས་འགོད་རྒྱུ་དང༌། ཚོགས་གཙོ་གཉིས་ལ་ཚོགས་འདུའི་འགྲོ་ལུགས་སྐོར་གསལ་འདེབས་དང་མཐུན་འགྱུར་བྱ་རྒྱུ།

༡༣  སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་མ་ལག་དང་ལས་ཁུངས་ཁག དེ་དག་ཏུ་ཡོད་པའི་འཛིན་ཆས་དང་ཡོ་བྱད་རྣམས་མཁོ་སྒྲུབ་དང་བདག་གཉེར་ཉམས་གསོ་བཅས་ལ་ལྟ་རྟོག་བཀོད་འདོམས་བྱ་རྒྱུ།

༡༤  རྒྱུན་དུ་ཚོགས་དྲུང་ལས་ཁུངས་སུ་ཡིག་འགྲུལ་དང༌། དངུལ་རྩིས། ཕྱི་མིར་འབྲེལ་གཏུག་བྱ་རྒྱུ་བཅས་ལས་ཁུངས་ཀྱི་ལས་དོན་ཡོངས་རྫོགས་ལ་ལྟ་རྟོག་འགོ་འདོམས་བྱ་རྒྱུ།

༡༥   སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་འཁོར་སྔོན་རྩིས་དང་རྩིས་ཞིབ་སྙན་ཞུ་བཅས་དུས་ཐོག་ཏུ་འགོད་འབུལ་བྱ་རྒྱུ།

༡༦  གཞན་ཡང་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཀྱི་ལས་རིམ་དང་འབྲེལ་བའི་བྱེད་སྒོ་ཆེ་ཕྲ་དང༌། ཚོགས་གཙོ་རྣམ་གཉིས་ཀྱིས་དུས་ནས་དུས་སུ་བཀོད་བྱུས་ཇི་གནང་གི་ལས་དོན་ཁག་བསྒྲུབ་རྒྱུ་བཅས་ཀྱི་འགན་དབང་ཡོད།

 

དོན་ཚན་ལྔ་པ།  སྤྱི་ཁྱབ་དྲུང་ཆེའི་དམིགས་བསལ་ཐོབ་ཐང༌།

༡    ཚོགས་གཙོ་ཐུན་མོང་ངམ་སྤྱི་འཐུས་རྒྱུན་ལས་སུ་རུང་ནས་རྒྱུན་ལས་ལ་གོ་བསྡུར་གྱིས་རྒྱུན་ལས་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་མ་གཏོགས་ཚོགས་དྲུང་གནས་སྤོས་མི་ཆོག

༢    ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གནས་རིམ་བཀའ་དྲུང་དང་འདྲ་མཉམ་ཡིན་པ་དང༌། བཞུགས་གྲལ་བཀའ་དྲུང་དང་ཚོགས་དྲུང་སོ་སོའི་ཞབས་ལོ་རྒན་གཞོན་ལྟར་དགོས་རྒྱུ།

༣    གནས་སྤོས་ཆོག་པའི་ཚོགས་དྲུང་དེས་རང་མོས་གནས་སྤོས་ཞུས་རིགས་ཚོགས་གཙོ་ཐུན་མོང་གིས་སྤྱི་འཐུས་རྒྱུན་ལས་དང༌། བཀའ་ཤག་ལ་གོ་བསྡུར་ཐོག་ཚབ་གསར་བསྐོ་གཞག་བྱུང་འཕྲལ་གནས་སྤོས་བྱ་འཐུས།

 

དོན་ཚན་དྲུག་པ།  སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་ནམ་དགོས་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༤།༥།༣༡ ཉིན་ཕྱོགས་བསྒྲིགས་ཞུས།