༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི།
དོན་ཚན་དང་པོ། སྒྲིག་གཞིའི་མིང༌།
སྒྲིག་གཞི་འདི་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༢༤ ཕྱི་ལོ་ ༡༩༩༧ ཞེས་འབོད་རྒྱུ།
དོན་ཚན་གཉིས་པ། ཐེབས་རྩའི་དགོས་དམིགས།
བོད་མི་དང༌། བོད་མིར་འབྲེལ་ཡོད་ཀྱི་མི་རིགས་སུར་ཡང་གློ་བུར་རྐྱེན་ངན་དབང་གིས་ངལ་སེལ་དགོས་མཁོ་བྱུང་སྐབས་སྤྱི་འཐུས་ལྷན་ཚོགས་ནས་གནས་ཚུལ་དང༌། དགོས་གལ་ལ་གཟིགས་པའི་ངལ་སེལ་མཐུན་རྐྱེན་འཕྲལ་དུ་སྤྲོད་ཐུབ་པའི་ཆེད་ཐེབས་རྩ་འདི་བཙུགས་པ་ཡིན།
དོན་ཚན་གསུམ་པ། ཐེབས་རྩའི་མ་དངུལ་བསྡུ་ལེན།
༡ ངལ་སེལ་ཐེབས་རྩ་འདིའི་ཆེད་སྲིད་གཞུང་དང༌། ཚོགས་པ། སྒྲིག་འཛུགས། སྐྱེ་བོ་སྒེར་བཅས་སུས་ཀྱང་ཞལ་འདེབས་འབུལ་འདོད་ཡོད་ན་ཚོགས་གཙོའམ། ཚོགས་གཞོན། ཡང་ན་ཚོགས་དྲུང་བཅས་སུ་རུང་ལ་འབུལ་ཆོག་ཅིང༌། ཚོགས་གཙོ་ཐུན་མོང་གིས་ཞལ་འདེབས་ལེན་འོས་མིན་ཞིབ་འཇུག་གིས་ལེན་འོས་ངེས་རྙེད་བྱུང་ན་ལེན་ཆོག
༢ དགོས་གལ་བྱུང་ན་རྒྱུན་ལས་ཀྱི་ཐག་གཅོད་ཐོག་ཞལ་འདེབས་ཆེད་དམིགས་བསལ་སྐུལ་སློང་བྱེད་པ་དང༌། འདུ་འགོད་ཀྱི་ལས་འགུལ་གང་འོས་སྤེལ་ཆོག
༣ སྤྱི་ལྷན་དུ་བྱུང་བའི་ཕྱག་རྟགས་དང༌། ཅ་དངོས་མཁོ་མེད་རིགས་ཚོང་བསྒྱུར་དང༌། འགྲོ་ཡུལ་ངེས་ཅན་མེད་པའི་འབུལ་དངུལ་བྱུང་རིགས། ཕྱིར་སློག་མ་དགོས་པའི་ལས་དོན་གཞན་གྱི་དངུལ་ལྷག་བཅས་རྒྱུན་ལས་ཀྱི་ཐག་གཅོད་ལྟར་ཐེབས་རྩའི་མ་དངུལ་དུ་བཅུག་ཆོག
༤ ལོ་ལྔ་རེའི་མཚམས་མ་དངུལ་གྱི་སྐྱེད་འབབ་ངལ་སེལ་དུ་གཏོང་ལྷག་བསྡད་ཚེ་དེའི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་ཞིག་མ་དངུལ་ཐོག་བསྣན་དགོས།
དོན་ཚན་བཞི་པ། ངལ་སེལ་སྤྲོད་ཡུལ།
བཙན་བྱོལ་བོད་མི་གཙོ་བོར་གྱུར་པའི་བོད་ཀྱི་ཡུལ་མི་ཡིན་ནོ་ཅོག་དང༌། བོད་མི་མིན་ཡང་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་ལས་བྱེད་དམ། མཐུན་འགྱུར་བྱེད་མཁན། བོད་མིར་ཆབ་སྲིད་དང༌། ཤེས་ཡོན། དཔལ་འབྱོར། སྤྱི་ཚོགས་ཀྱི་ལས་དོན་གང་རུང་ཐོག་འབྲེལ་ལམ་གཏིང་ཟབ་ཡོད་རིགས་རྣམས་ངལ་སེལ་སྤྲོད་ཡུལ་དུ་ཐག་གཅོད་བྱེད་ཆོག
དོན་ཚན་ལྔ་པ། ངལ་སེལ་སྤྲོད་དགོས་ཀྱི་བྱུང་རྐྱེན།
༡ ངལ་སེལ་སྤྲོད་དགོས་ཀྱི་བྱུང་རྐྱེན་ནི། གློ་བུར་འབྱུང་བའི་འཇིགས་པའམ། བརྡབ་ཆག སྲིད་དོན་ནམ་ཉེན་ཁ་གཞན་ལ་བརྟེན་ནས་ཡུལ་བྱོལ་བྱ་དགོས་བྱུང་བ། རྐུན་ཇག་གིས་འཕྲོག་བཅོམ། སྲོག་ཉེན་ཡོད་པའི་ནད་མནར་ཚབས་ཆེར་སྨན་བཅོས་ཀྱི་མཐུན་རྐྱེན་མ་འཛོམས་པ་བཅས།
༢ དེ་ལས་གཞན་པའི་བྱུང་རྐྱེན་གཞན་ཡང་ངལ་སེལ་སྤྲོད་དགོས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་བྱེད་ཆོག
དོན་ཚན་དྲུག་པ། ངལ་སེལ་ཐེབས་རྩའི་འདུ་འགོད།
༡ ངལ་སེལ་ཐེབས་རྩའི་མ་དངུལ་ཡོངས་རྫོགས་བརྟན་ཆ་ཡིད་ཆེས་ཅན་གྱི་སྐྱེད་འབབ་གང་མཐོ་ཡོད་པའི་མ་འཛུགས་ཁག་གི་ནང་གཏན་འཇགས་བཅོལ་འཇོག་བྱེད་དགོས་ཤིང༌། ཐེབས་རྩར་ཞལ་འདེབས་བྱུང་རིགས་སྐྱེད་ཡོད་མ་འཛུགས་མ་བྱས་པར་ཟླ་བ་གཉིས་ལྷག་ཉར་མི་ཆོག
༢ མ་འཛུགས་བྱ་ཡུལ་གར་བཟང་དུས་ནས་དུས་སུ་ཚོགས་གཙོ་ཐུན་མོང་གིས་ཞིབ་འཇུག་ཐག་གཅོད་ཀྱིས་མ་འཛུགས་ལས་དོན་འཐུས་ཤོར་མེད་པ་བྱེད་དགོས།
༣ སྐྱེད་འབབ་ཟླ་དྲུག་རེའི་ནང་ལེན་ཏེ་དངུལ་ཁང་གང་རུང་དུ་བསྲི་ཚགས་རྩིས་འགོའི་འོག་བཅུག་ཉར་བྱེད་དགོས།
༤ ཟླ་བ་དྲུག་རེ་བཞིན་སྐྱེད་འབབ་ཇི་ཡོད་ཀྱི་དངུལ་འབོར་རྩིས་ཁྲ་ཚོགས་གཙོ་ཐུན་མོང་གིས་ཤེས་རྟོགས་དགོས་པ་ཡིན།
༥ ཐེབས་རྩའི་མ་འཇོག་དང༌། དངུལ་ཁང་རྩིས་ཁྲ་བཅས་ཚོགས་གཙོའི་ངལ་སེལ་མ་དངུལ་མིང་ཐོག་འཇོག་དགོས།
དོན་ཚན་བདུན་པ། ངལ་སེལ་སྤྲོད་སྟངས།
༡ ངལ་སེལ་སྤྲོད་དགོས་ཀྱི་གནས་ཚུལ་ནམ་བྱུང་མཚམས། སྐབས་དེར་ཐེབས་རྩའི་སྐྱེད་འབབ་ཇི་ཡོད་བསྡོམས་འབོར་གྱི་བརྒྱ་ཆ་ ༢༥ ལས་མ་བརྒལ་བའི་དངུལ་འབོར་ཚོགས་གཙོ་གཞོན་པ་དང༌། བརྒྱ་ཆ་ ༣༠ ལས་མ་བརྒལ་བ་ཞིག་ཚོགས་གཙོས་ཐད་ཀར་ཐག་གཅོད་ཀྱིས་སྤྲོད་ཆོག
༢ སྐྱེད་འབབ་ཀྱི་བསྡོམས་འབོར་གྱི་བརྒྱ་ཆ་ ༣༠ ལས་བརྒལ་བ་དང༌། མ་དངུལ་ནས་སྤྲོད་དགོས་བཅས་རྒྱུན་ལས་ཀྱིས་ཐག་གཅོད་བྱེད་དགོས།
༣ ཐེབས་རྩའི་མ་དངུལ་ནས་ངལ་སེལ་སྤྲོད་དགོས་ནམ་བྱུང་སྐབས་མ་དངུལ་སླར་གསོ་ཐུབ་ཐབས་ཀྱི་དམིགས་བསལ་ལས་འགུལ་སྤེལ་ཆོག
༤ ལོ་འཁོར་སྐྱེད་འབབ་ནས་ངལ་སེལ་སྤྲོད་སྐབས་སྐྱེད་འབབ་མ་འཁོར་སྔོན་དུ་སྤྱི་ལྷན་གྱི་དངུལ་འབབ་གཞན་ནས་སྔ་འདོན་བྱེད་ཆོག
དོན་ཚན་བརྒྱད་པ། སྒྲིག་གཞི་བསྐྱར་བཅོས།
སྒྲིག་གཞི་འདི་ལ་བསྐྱར་བཅོས་ནམ་དགོས་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།
གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༤།༥།༣༡ ཉིན་ཕྱོགས་བསྒྲིགས་ཞུས།