༄༅། །བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༄༅། །བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་
བྱེད་ཕྱོགས་ཀྱི་སྒྲིག་གཞི།

 

དོན་ཚན་དང་པོ།  སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་འབོད་རྒྱུ།

 

དོན་ཚན་གཉིས་པ།  སྒྲིག་གཞི་འགོ་འཛུགས།

སྒྲིག་གཞི་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཉིན་ནས་འགོ་འཛུགས་ལག་བསྟར་བྱ་རྒྱུ།

 

དོན་ཚན་གསུམ་པ།  སྒྲིག་གཞིའི་ཁྱབ་ཚད།

རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་བཙུགས་བྱས་པའི་གཞིས་ཆགས་གཤམ་གསལ་ཟུར་འཛར་ཡིག་ཆ་ ཀ༽ པ་ནང་གསལ་དང༌། གཞན་ཡང་ནང་སྲིད་ལས་ཁུངས་ནས་ཐད་ཀའི་འཛིན་སྐྱོང་སྟངས་འཛིན་འོག་གསར་སྐྲུན་ཞུས་པའི་གཞིས་ཆགས་ཁག་ལ་ཁྱབ་པ་ཡིན།

 

དོན་ཚན་བཞི་པ།  ས་ཆའི་བདག་དབང་དང༌། བོགས་གཡར་བྱ་ཕྱོགས།

༡    བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པས་སྤུས་ཉོ་བྱས་པའི་ས་ཆ་དང༌། འབྲེལ་ཡོད་ཚོགས་སྡེ་དང་སྒེར་གང་ཞིག་ནས་ནང་སྲིད་ལས་ཁུངས་ལ་རྩིས་འབུལ་ཞུས་པའི་ས་ཁང་རྣམས་ཀྱི་བདག་དབང་བཅས་དབུས་ངལ་སེལ་ཚོགས་པར་ཡོད་པ་ལས་གཞིས་མི་སུ་ལའང་མེད།

༢    གནས་ཡུལ་རྒྱལ་ཁབ་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འཚོ་ཐབས་ཆེད་བོགས་གཡར་གནང་བའི་ས་ཆའི་བདག་དབང་འབྲེལ་ཡོད་མངའ་གཞུང་སོ་སོར་ཡོད། བོགས་མའི་གན་ཡིག་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དོན་ཚན་ ༤ ཟུར་འཛར་ ཅ། དགོངས་དོན་ལྟར་འཇོག་དགོས།

 

དོན་ཚན་ལྔ་པ།  ས་ཞིང་བེད་སྤྱོད།

༡    སྐྱབས་བཅོལ་བོད་མི་ཚོར་བཙན་བྱོལ་དུ་གནས་སྡོད་རིང་སྡོད་ཡུལ་དང་འཚོ་རྟེན། ཞིང་ལས། ཆོས་དང་རིག་གཞུང་། ཤེས་ཡོན་བཅས་ཀྱི་ཆེད་དུ་གནས་ཡུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་བོགས་མར་བཏང་བའམ། ས་ཐོ་ལག་འཛིན་གྱི་བྱ་རིམ་འགྲོ་བཞིན་པ་རྣམས་གཞིས་མི་སོ་སོར་བཀོལ་སྤྱོད་བྱེད་དུ་བཅུག་པའམ། ཚོགས་སྡེ་དང་སྒེར་གང་ཞིག་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་ཞུས་པ། ཡང་ན་དབུས་ངལ་སེལ་ཚོགས་པས་སྤུས་ཉོ་བྱས་པའི་གཞིས་ས་རྣམས་གཞིས་མི་སོ་སོར་བཀོལ་སྤྱོད་ཀྱི་ཆེད་དུ་གཡར་བ་ཡིན་པས། ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་གཉིས་རེར་ཉུང་མཐར་ཟླ་གཅིག་གནས་སྡོད་བྱེད་དགོས་ཐོག ས་ཞིང་རྣམས་བདག་གཅེས་ཚད་ལྡན་གྱིས་སོ་ནམ་དང༌། སྐྱེད་ཚལ། ལྡུམ་རྭ། སྐྱེ་ཤིང་འདེབས་འཛུགས། སྡོད་ཁང་། ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཆེད་བེད་སྤྱོད་བྱེད་དགོས།

༢    ཀ    དགོས་མཁོའི་དབང་གིས་ས་ཆའི་ཆ་ཤས་གང་དུ་སྡོད་ཁང་དང༌། སོ་ནམ་ཞིང་ལས། ཚོང་དོན། ཆོས་ཕྱོགས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ་བཅས་དང་འབྲེལ་བའི་འཛུགས་སྐྲུན་ནམ། དེ་མཚུངས་རང་ཉིད་ཀྱི་ས་བགོས་སྟེང་ནས་འཚོ་རྟེན་ལ་ཕན་པའི་བྱ་བ་སྒྲུབ་དགོས་ཁག་ལ་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཡི་ཆ་རྐྱེན་ལྟར། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ལ་རྒྱུ་མཚན་གསལ་བཤད་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་སམ། མངའ་གཞུང་འབྲེལ་ཡོད་ལས་ཁུངས་ནས་འཛུགས་སྐྲུན་ཆོག་པའི་སྒྲིག་མཐུན་བཀའ་འཁྲོལ་ངེས་པར་ཞུ་དགོས།

ཁ    དོན་ཚན་ ༤ ནང་གསལ་གྱི་ས་ཁང་རྣམས་བོད་མི་ནང་ཁུལ་ནང་བཤུག་བྱེད་འདོད་ཡོད་རིགས་ཀྱིས། ཁང་ས་ནང་བཤུག་བྱ་རྒྱུར་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ལ་བཀའ་འཁྲོལ་ཞུ་ཆོག་པ་དང་། ཞིང་ས་ནང་བཤུག་བྱེད་པར་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གི་རྒྱབ་གཉེར་དང་བཅས་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་ཞུ་དགོས།

༣    སྤྱི་ས་གང་ཡོད་བེད་མེད་ས་སྟོང་དུ་མ་བཞག་པར་སྤྱིའི་བདེ་རྩའི་ཆེད་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་ས་གནས་འགོ་འཛིན་བརྒྱུད་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་ཞུས་ཏེ་བེད་སྤྱོད་གཏོང་ཆོག

 

དོན་ཚན་དྲུག་པ།  ས་ཁང་ཚོང་བསྒྱུར་དང༌།  ཕུལ་སྦྱིན།

༡    སྒྲིག་གཞི་འདི་གཏན་འབེབས་གསལ་བསྒྲགས་བྱས་ཉིན་ནས་སྤྱིའི་བདེ་རྩའི་ཆེད་གཞུང་འབུལ་རིགས་ཕུད། དེ་མིན་གཞིས་མི་སུས་ཀྱང་ས་ཁང་མི་གཞན་ལ་ཚོང་བསྒྱུར་དང་། ཕྱི་མི་ལ་ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག

༢    གཞིས་མི་སུ་ཞིག་གིས་ཕྱི་མི་ལ་ས་ཁང་ཚོང་བསྒྱུར་བྱས་ཚེ། ས་གནས་ཡུལ་ཁྲིམས་དང༌། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་བྱས་པའི་ཉེས་འཛུགས་བྱ་རྒྱུ། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་དངོས་ར་འཕྲོད་ན་འཛིན་སྐྱོང་ནས་ཉེས་འཛོལ་བྱེད་པོ་རྣམས་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། ནང་མིར་རྒན་བྱིས་རོགས་རམ་དང༌། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་དགོས་བཅས་ཇི་ཡོད་བཀག་གཅོད་བྱ་རྒྱུ།

༣    དེ་སྔོན་ས་ཁང་ཚོང་བསྒྱུར་དང༌། ཕུལ་སྦྱིན་བྱེད་མཁན་རིགས་ལ་ཕྱིར་སློག་བྱུང་སྟེ་རང་བདག་ཐུབ་ན་དེའི་གོ་སྐབས་སྤྲོད་དགོས། དེ་མིན་བོད་མི་ཕན་ཚུན་ས་ཁང་ནང་བཤུག་བྱེད་དགོས་རིགས་ནས་དོན་ཚན་ལྔ་པའི་ ༢(ཁ) གཞིར་བཟུང་མིང་བསྒྱུར་བྱས་ཏེ་མིང་གཞུང་མ་དེབ་ནང་དེབ་འགོད་ཞུ་དགོས།

༤    བོད་མི་ནང་ཁུལ་གཞིས་སྐལ་ཐོབ་ཐང་མེད་མཁན་ནམ། དེབ་སྐྱེལ་ཡོད་པའི་དགོན་པ་གྲྭ་ཚང་ངམ། མཉམ་འབྲེལ། བོད་མིའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་འདུ་འགོད། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཚོགས་སྡེ་ཁག་ལ་ས་ཁང་ཕུལ་སྦྱིན་བྱ་རྒྱུ་ཡིན་ཚེ། གཉིས་མོས་གན་རྒྱའི་ཐོག ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་ནང་སྲིད་ལས་ཁུངས་ལ་བཀའ་འཁྲོལ་ཞུ་དགོས།

 

དོན་ཚན་བདུན་པ།  ས་ཁང་བོགས་གཡར།

༡    ཀ    གཞིས་མི་སུ་ཞིག་གིས་རང་གི་སྡོད་ཡུལ་ཁང་པ་དང༌། ས་ཞིང་རྣམས་བཙན་བྱོལ་བོད་མི་མིན་པའི་ཕྱི་མི་ལ་བོགས་གཏོང་མི་ཆོག ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ཕྱི་མི་ལ་བོགས་གཏོང་བྱས་པ་ར་འཕྲོད་བྱུང་ཚེ། ཞིང་ས་ཇི་ཡོད་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་རྩིས་ལེན་བྱས་ཏེ་དབུས་བོད་མིའི་ངལ་སེལ་ཚོགས་པར་འབུལ་དགོས།

ཁ    ལོ་ལྟར་ཕྱི་ཟླ་ ༨ པའི་ནང་ས་གནས་འགོ་འཛིན་ལས་ཁང་སོ་སོ་ནས་རང་ཁོངས་ཞིང་ས་རང་འདེབས་དང་བོགས་འདེབས་བྱེད་མཁན་ཇི་ཡོད་ཀྱི་ཞིབ་གནས་མ་དཔེ་ཟུར་འཛར་ ཁ༽ ཞིབ་བསྐངས་ཀྱིས་ནང་སྲིད་ལས་ཁུངས་སུ་འབུལ་དགོས། འདེབས་ལས་བྱེད་མཁན་གང་དེར་སྟོན་ཉེས་ཕོག་པའི་གནས་ཚུལ་བྱུང་སྐབས་སྙན་ཐོ་འདི་ལ་རྩ་འཛིན་བྱ་རྒྱུ།

༢    གཞིས་མི་རྒས་འཁོགས་དང་། ནད་གཅོང་རང་གི་ས་ཞིང་འདེབས་ལས་ཐུབ་རེ་བྲལ་བའི་རིགས་ལ་གྲོང་སྡེའི་སྤྱི་མིའམ་བརྒྱ་དཔོན་གྱི་རྒྱབ་གཉེར་བྱུང་ན། ས་གནས་འགོ་འཛིན་ལས་ཁང་ནས་ཞིབ་འཇུག་གིས། དོ་བདག་ལ་དགོས་ངེས་ཀྱི་མཐུན་རྐྱེན་རོགས་རམ་སྦྱར་ཏེ། ཞིང་ས་རྣམས་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་དབུས་བོད་མིའི་ངལ་སེལ་ཚོགས་པར་འབུལ་རྒྱུ།

༣    ནད་མནར་རམ་རྐྱེན་ངན་དབང་གིས་ལོ་རེ་ཟུང་ས་ཞིང་འདེབས་ལས་མ་ཐུབ་པའི་རིགས་དང༌། ཞིང་ལས་འཕེར་བའི་མི་ཆ་མེད་མཁན་གྱི་ཁྱིམ་ཚང་རིགས་བཅས་ལ་གྲོང་སྡེའི་སྤྱི་མི་བརྒྱ་དཔོན་གང་རུང་གི་རྒྱབ་གཉེར་བྱུང་ན་ས་གནས་འགོ་འཛིན་ལས་ཁང་ནས་ཞིབ་འཇུག་གིས་མཉམ་འབྲེལ་ལམ་སྤྱི་པའི་སྒྲིག་འཛུགས། ཡང་ན་གཞིས་མི་སྒེར་གང་རུང་ལ་དུས་ཚོད་ངེས་ཅན་རིང་བོགས་གཏོང་ཆེད་མཐུན་འགྱུར་བྱ་ཆོག

 

དོན་ཚན་བརྒྱད་པ།  རྗེས་ཤུལ་ལ་ས་ཁང་བགོ་སྤྲོད།

༡    ཐོག་མར་ས་ཁང་བགོ་འགྲེམས་སྐབས་བཅོས་མའི་ལྔ་ཚན་གཅིག་ནང་ཁྱིམ་ཚང་ཁག་གཉིས་དང་ཧྲེང་པོ་གཅིག་ལྟ་བུའི་མི་ལྔར་ས་ཁང་ཐོབ་ཐང་ཡོད་མུར་ནམ་ཞིག་མི་ཧྲེང་པོ་དེ་འདས་གྲོངས་སམ་གཏན་འཇགས་གཞིས་ཐོན་བྱས་ཚེ།  གོང་གསལ་ཁྱིམ་ཚང་གཉིས་ནས་ལྔ་ཁང་ཐོབ་སྐལ་མ་རག་པའི་ཕྲུ་གུ་མང་བ་དེར་ཐོབ་དགོས། ཕྲུ་གུ་མང་ཉུང་གཅིག་པ་ཡིན་ཚེ་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གིས་རྗེས་ཤུལ་རྒན་རིམ་བཞིན་བགོ་སྤྲོད་བྱེད་ཆོག ཁྱིམ་ཚང་གཉིས་ཀར་ཕྲུ་གུ་མེད་ན་གཞིས་སྐལ་ཇི་ཡོད་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱེད་དགོས།

༢    ལྔ་ཁང་དེའི་མ་དེབ་ནང་གསལ་ས་ཁང་བདག་དབང་ཡོད་པ་འདས་གྲོངས་སམ།  གཏན་འཇགས་གཞིས་ཐོན་བྱུང་རིམ་བཞིན་ཞིང་ས་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་ས་གནས་འགོ་འཛིན་ལས་ཁུངས་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་དགོས་ཤིང་།  འཚོ་གནས་མི་གཅིག་ལས་མ་ལྷག་ཚེ། དེ་ནམ་འཚོའི་བར་ལྔ་ཁང་དེའི་ཁང་ས་ཇི་ཡོད་བདག་གཉེར་བྱེད་ཆོག གཞིས་སྐལ་ཐོབ་ཐང་མེད་པའམ། གཞིས་སྐལ་ཐོབ་ཐང་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་ཞུས་ཟིན་པའི་མནའ་མའམ། མག་པ་གང་དེ་སོ་སོའི་བཟའ་ཟླའི་ལྔ་ཁང་དེའི་སྒུག་ཐོའི་ཁོངས་སུ་བཞག་སྟེ་སྤྱི་མཚུངས་བགོ་སྤྲོད་བྱེད་ཆོག

༣    ས་གནས་འགོ་འཛིན་ལས་ཁང་ནས་གཞིས་ཁོངས་སོ་སོའི་ས་ཞིང་བགོ་འགྲེམས་མིང་གཞུང་མ་དེབ་ནང་བོགས་གཏོང་པ་དང་། བོགས་ལེན་པ། ས་ཞིང་འདེབས་ལས་བྱེད་མཁན་བཅས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དོན་ཚན་ ༤ ནང་གསེས་ ཇ། པ་ལྟར་ཨིན་ཡིག་ཐོག་ཁ་གསལ་བཀོད་དེ་དུས་བསྟུན་ཁ་སྐོང་བྱས་པའི་ངོ་བཤུས་རེ་བོགས་གཏོང་གན་ཡིག་ལྟར་ལོ་རེ་བཞིན་མངའ་གཞུང་དང་དབུས་ངལ་སེལ་ཚོགས་པར་འབུལ་དགོས།

 

དོན་ཚན་དགུ་པ།  གནས་སྐབས་གཞིས་ཐོན།

སྒྲིག་གཞི་འདིའི་དོན་ཚན་ ༥ པའི་ནང་གསེས་ ༡ ནང་གསལ་ལྟར་གཞིས་མི་རྣམས་ལོ་གཉིས་རེའི་ནང་ཉུང་མཐར་ཟླ་བ་གཅིག་གཞིས་ཆགས་སོ་སོར་གཏན་སྡོད་དགོས་ཀྱང་། གནས་སྐབས་གཞིས་ཐོན་ཆོག་པའི་དམིགས་བསལ་ཁག་གཤམ་གསལ།

༡    གཞིས་མི་སུ་ཞིག་བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་དུ་བསྐོ་གཞག་བྱུང་བ་རང་ཉིད་དང་འདོད་གཅིག་ནང་མི།  དང་སློབ་ཁོངས་ཚུད་པ་རང་ཉིད་དང་འདོད་གཅིག་ནང་མི།  སློབ་གྲྭ་དང་ལས་རིགས་སྦྱོང་བརྡར་འགྲིམས་བཞིན་པ། ཆོས་སྡེ་ཁག་གི་སྒྲིག་གྲལ་དུ་ཞུགས་པ་བཅས་ལ་ལོ་ལྟར་སློབ་གཉེར་ཁང་ངམ། སྡེ་ཚན་གང་ཡིན་གྱི་ལས་ཤོག་སྟེང་འགན་འཛིན་གྱི་མཚན་རྟགས་འཁོད་པའི་ངོས་སྦྱོར་ཕུལ་རིགས་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཡུན་དུས་མ་གཙང་བར་གནས་སྐབས་གཞིས་ཐོན་དུ་བརྩི་ཆོག

༢    ཀ    ཚོང་འཁོས་དང་། གཉེན་འཕྲད། སྤྱི་སྒེར་གཉིས་ཐོག་ནས་ཕྱི་རྒྱལ་དུ་གཞིས་སྤོ་བྱེད་མཁན། ནད་མནར། གལ་ཆེའི་ལས་དོན་ཆེད་བསྐྱོད་དེ་ལོ་གཉིས་རེའི་ནང་ཕྱིར་ལོག་བྱེད་མ་ཐུབ་ཚེ། བརྒྱ་དཔོན་ནམ་སྤྱི་མི་བརྒྱུད་ས་གནས་འགོ་འཛིན་ལས་ཁང་ནས་ཡིག་ཐོག་བཀའ་འཁྲོལ་ཞུས་ཐོབ་ཡོད་པ་རྣམས་གནས་སྐབས་གཞིས་ཐོན་ཆོག

ཁ    ལོ་གཉིས་རེའི་ནང་ཟླ་བ་གཅིག་གཞིས་ཆགས་དེར་གནས་སྡོད་མ་བྱས་ཚེ། གཏན་འཇགས་གཞིས་ཐོན་དུ་ངོས་འཛིན་གྱིས་གཞིས་སྐལ་ཐོབ་ཐང་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱེད་དགོས།

༣    གནས་སྐབས་གཞིས་ཐོན་པ་སོ་སོའི་འདོད་མོས་ལྟར་འདོད་གཅིག་ནང་མིའམ། ཉེ་འབྲེལ། ཡང་ན་གཞིས་མི་སུ་འོས་ལ་ས་གནས་འགོ་འཛིན་ལས་ཁང་དུ་ཡིག་ཐོག་སྙན་གསན་དང་སྦྲགས་ས་ཁང་མངགས་བཅོལ་ཆོག མངགས་ཡུལ་དེས་གཞིས་གྲོང་སྤྱིའི་སྒྲིག་ལམ་དང༌། འཁྲི་ཆ་ཇི་ཡོད་སྲུང་བརྩི་དང༌། སྒྲུབ་འཇལ་ཞུ་དགོས།

 

དོན་ཚན་བཅུ་པ།  གཏན་འཇགས་གཞིས་ཐོན།

༡    གཞིས་མི་སུ་ཞིག་འདས་གྲོངས་སོང་བ།

༢    བོད་དུ་རྩ་ལོག་བྱས་པ།

༣    ཕྱི་རྒྱལ་དུ་གཞུང་སྒེར་གྱིས་གཏན་བསྐྱོད་བྱས་པ།

༤    རང་འདོད་ཀྱིས་གཞིས་ཁོངས་ནས་རྩ་དགོངས་ཞུས་པ།

༥    ས་གནས་འགོ་འཛིན་ལས་ཁང་གི་བཀའ་འཁྲོལ་མེད་པར་རང་འཚམས་ཕྱིར་བསྐྱོད་ཀྱིས་ནང་མི་སུ་རུང་ལོ་གཉིས་རེའི་ནང་ཕྱིར་ལོག་གིས་ཉུང་མཐར་ཟླ་བ་གཅིག་ས་གནས་སུ་མ་བསྡད་པ།

༦    བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། དེ་སྔ་གཞིས་ཆགས་ཐོབ་ཐང་ངོ་བོར་བགྲེས་ཤག་བགོ་འགྲེམས་ཟིན་རིགས་དང་། འབྱུང་འགྱུར་བགྲེས་ཤག་འཛུགས་སྐྲུན་བྱེད་མཁན་རྣམས་ལ་སྒྲིག་གསལ་བགྲེས་ཡོལ་བ་ནམ་འཚོའི་རིང་ངལ་རྩོལ་རྐང་འགྲོའི་ཁྲལ་རིགས་འདུར་རྒྱུགས་མ་དགོས་པའི་དམིགས་བསལ་ཡོད་པ་ཕུད། གནས་ཡུལ་གཞིས་ཁོངས་སོ་སོའི་ཁྲིམས་སྒྲིག་དང་། འགྲོ་ལུགས་ལ་སྲུང་བརྩི་ཞུ་དགོས།

 

དོན་ཚན་བཅུ་གཅིག་པ།  ས་ཁང་ཕྱིར་བསྡུ་དང་བགོ་སྤྲོད།

༡    ཀ    སྒྲིག་གཞི་འདིའི་དོན་ཚན་ ༨ པའི་ནང་གསེས་ ༢ པ་དང༌། དོན་ཚན་ ༩ ནང་གསེས་ ༥ པ། དོན་ཚན་ ༡༠ པའི་ནང་གསེས་ཁག་གཞིར་བཟུང་ཕྱིར་བསྡུ་བྱ་རྒྱུའི་ས་ཁང་རྣམས་ས་ཁང་ཚོགས་ཆུང་ནས་ཞིབ་འཇུག་གིས་འདས་གྲོངས་ཟིན་པའམ། ལོ་གཉིས་ནང་ཕྱིར་ལོག་བྱས་མེད་པ། གཏན་འཇགས་གཞིས་ཐོན་ཡིན་པ་བཅས་ར་འཕྲོད་གསལ་པོ་བྱུང་ན། ས་གནས་འགོ་འཛིན་ལས་ཁང་ནས་དོ་བདག་ལ་ས་ཁང་རྩིས་སྤྲོད་དགོས་པའི་སྔོན་བརྡ་བཏང་ཐོག སྟོན་འབྲས་འདེབས་དུས་དེའི་སྟོན་ཐོག་བསྡུ་མཇུག་བསྒྲིལ་མཚམས་གཞིས་སྐལ་ཇི་ཡོད་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱེད་དགོས།

ཁ    ཕྱིར་བསྡུ་བྱས་པའི་ས་ཁང་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱེད་དགོས་པ་ལས། སྤྱི་མིའམ་བརྒྱ་དཔོན་ནས་བདག་ཉར་དང་རང་འཚམས་ཀྱིས་ནང་ཁུལ་བགོ་སྤྲོད་མི་ཆོག

ག    བོད་མིའི་སྒྲིག་འཛུགས་ཀྱི་གཞིས་སྤོས་ལས་འཆར་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་བསྐྱོད་དམ། སྒེར་སོ་སོའི་ཐབས་ཤེས་ཐོག་ཕྱི་བསྐྱོད་བྱས་ཏེ་ལོ་གཉིས་ནང་གཞིས་ཁོངས་སུ་ཕྱིར་ལོག་གིས་ཟླ་བ་གཅིག་རིང་གནས་སྡོད་བྱས་མེད་ཚེ། དེ་དག་གི་ས་ཁང་རྣམས་སྒྲིག་གཞི་བསྐྱར་བཅོས་ཐོན་པ་ནས་ལོ་གཉིས་མཚམས་ནས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་སོ་སོས་ཕྱིར་བསྡུ་བྱས་ཏེ་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་ཞུ་དགོས།

ང    ཕྱིར་བསྡུ་བྱས་པའི་ཁང་སའམ། ཞིང་སའི་ཐོག་གཏན་འཇགས་གཞིས་ཐོན་བྱེད་མཁན་དེས་སྡོད་ཁང་རྒྱ་བསྐྱེད་དང་གསར་བསྐྲུན་བྱས་རིགས་ལ་དབུས་ས་གཉིས་ཀྱི་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས། ཨར་གྲོན་གུན་གསབ་འོས་འཚམས་གཏན་འབེབས་བྱས་པ་ལྟར་ས་ཁང་བགོ་འགྲེམས་བྱ་ཡུལ་འབྲེལ་ཆགས་སུ་ཡིན་དེར་སློག་སྤྲོད་བྱེད་དུ་འཇུག་དགོས།

༢    ས་ཁང་ཕྱིར་བསྡུ་བྱུང་བ་རྣམས་དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱེད་དགོས་པ་དང་། དབུས་ས་ཁང་བགོ་འགྲེམས་ཚོགས་ཆུང་ནས་གཞིས་སྐལ་མ་ཐོབ་པའམ། དགོས་མཁོ་ཅན་ལ་བགོ་འགྲེམས་བྱ་རྒྱུ།

༣    ས་གནས་འགོ་འཛིན་ལས་ཁང་ཚང་མས་ཟུར་འཛར་ ག༽ ནང་གསལ་ལྟར་སྒུག་ཐོ་འགོད་ཡུལ་གྱི་མ་དེབ་རེ་བདག་ཉར་བྱས་ཏེ། སྒུག་ཐོའི་གནས་བབ་ལོ་རེ་བཞིན་དབུས་བོད་མིའི་ངལ་སེལ་ཚོགས་པར་སྙན་གསན་ཞུ་དགོས།

༤    དབུས་ས་ཁང་བགོ་འགྲེམས་ཚོགས་ཆུང་གི་སྒུག་ཐོའི་ནང་འགོད་ཆོག་པ་གཤམ་གསལ།

ཀ    གཞིས་ཁོངས་སུ་འཚོ་སྡོད་བྱེད་བློ་ཡོད་པའི་བོད་ནས་རྗེས་འབྱོར་བ།

ཁ    དམིགས་བསལ་དང་། དཀའ་ངལ་ཅན་གྱི་ས་ཁུལ་ནས་གཞིས་ཁོངས་གང་ཞིག་ཏུ་གཞིས་སྤོ་བྱེད་འདོད་ཡོད་མཁན།

ག    ད་བར་གཞིས་ཁོངས་ཐོབ་སྐལ་མེད་པའི་བོད་མི་རང་འཚོ་བྱེད་མཁན།

༥    སྡེ་ཚན་ཁག་ཏུ་བགྲེས་ཤག་གི་ཐོབ་ཐང་མེད་པ་དང་། གཞིས་ཁོངས་ཐོབ་སྐལ་མེད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་ནང་གསལ་འཛིན་སྐྱོང་ལས་ཁུངས་ཁག་གི་ས་གནས་རང་ཁོངས་ལས་བྱེད་དང་། ཁྱབ་ཁོངས་སྡེ་ཚན་ཁག་གི་ལས་བྱེད་ཞབས་ལོ་ཉི་ཤུ་ཡན་ལོན་པ་རྣམས་ལ་ནང་སྲིད་ལས་ཁུངས་ནས་བགྲེས་ཤག་བསྐྲུན་ཡུལ་ཁང་ས་སྒུག་ཐོའི་ནང་འཇོག་འཐུས།

༦    ས་གནས་ཁག་ནས་གཞུང་འབུལ་ལམ། ཕྱིར་བསྡུ་བྱས་པའི་ས་ཁང་གི་གནས་སྟངས་ཇི་ཆགས་དང་། ས་ཁང་ཐོབ་སྐལ་སྙན་འབུལ་ཞུ་མཁན་གྱི་སྒུག་ཐོའི་གནས་སྟངས་ལོ་ལྟར་དབུས་བོད་མིའི་ངལ་སེལ་ཚོགས་པས་བཀའ་ཤག་ཏུ་སྙན་གསན་ཞུ་དགོས།

 

དོན་ཚན་བཅུ་གཉིས་པ།  ཧམ་ཟོས་དང་རྒྱ་བསྐྱེད།

༡    གཞིས་གྲོང་སྤྱི་པའི་ས་སྟོང་ལྷག་བསྡད་རིགས་ལ་གཞན་སྤྱི་སྒེར་སུ་ཐད་ནས་བེད་སྤྱོད་ཧམ་ཟོས་མི་ཆོག

༢    ཁྱིམ་ཚང་སོ་སོའི་བདག་ཐོབ་ཀྱི་ས་མཚམས་ལས་བརྒལ་ཏེ་སྤྱིའི་འགྲོ་ལམ་ལ་གནོད་སྐྱོན་དང༌། མུ་སྦྲེལ་ས་འདྲེས་ཁག་གི་ས་ཆ་ཧམ་ཟོས་ཀྱིས་རྩོད་གཞི་བཟོ་མི་ཆོག

༣    ས་ཆ་རྒྱ་ཁྱོན་ཚད་འཇལ་གྱིས་བཙུགས་པའི་རྡོ་རྟགས་རང་འཚམས་ཀྱིས་གནས་སྤོ་དང་། བསྐྱར་བཟོ་མི་ཆོག་ཅིང་། ཞིང་ཚིགས་དབར་གྱི་འགྲོ་ལམ་བཀག་གཅོད་རིགས་མི་ཆོག

༤    གོང་གསལ་ནང་གསེས་གང་རུང་དང་འགལ་རིགས་བྱུང་ཚེ། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་ཉེས་འཛོལ་བྱེད་པོ་རྣམས་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། ནང་མིར་རྒན་བྱིས་རོགས་རམ་དང༌། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་དགོས་བཅས་ཇི་ཡོད་བཀག་གཅོད་བྱ་རྒྱུ་དང་། ཉེས་ཆད་བརྩི་འཁུར་མ་བྱས་ཚེ་ཁྲིམས་གཏུགས་བྱ་རྒྱུ།

 

དོན་ཚན་བཅུ་གསུམ་པ།  ས་ཁང་བདག་གཅེས།

༡    གཞིས་སྒར་སོ་སོར་རང་གི་ས་ཆའི་རྒྱ་ཁྱོན་དང༌། དེའི་ས་མཚམས། ཁང་པ་སོགས་ཇི་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་ས་གནས་གཞུང་གི་ཡིག་ཆར་ཇི་གསལ་ལྟར་དང༌། ཡིག་ཆའི་འདྲ་བཤུས་བཅས་ས་གནས་འགོ་འཛིན་ལས་ཁང་དུ་རྩ་འཛིན་ཡིག་ཆའི་གྲས་སུ་བདག་ཉར་དགོས་པ་དང༌། འབྲེལ་ཡོད་གཞུང་གི་ཁྲལ་དེབ་ཡིག་ཆའི་ནང་རང་ཕྱོགས་ནས་སྣོན་འཕྲི་ཞུ་དགོས་དེ་དག་སྐབས་མཚམས་སོ་སོར་འབྲེལ་ཡོད་ས་གནས་རྒྱ་གར་ལས་ཁུངས་ཀྱི་བཀའ་འཁྲོལ་དང་སྦྲགས་ནང་སྲིད་ལས་ཁུངས་སུ་སྙན་གསན་ཞུ་དགོས།

༢    གཞིས་སའི་ཐོག་སྔོན་ཡོད་རྒྱ་ལམ་དང༌། རྐང་ལམ། ཟམ་པ། རྒྱུག་ཆུ། ཆུ་མིག ཆུ་ཡུར་ཇི་ཡོད་ཀྱི་ཐོ་གཞུང་བདག་ཉར་དང་སྲུང་སྐྱོབ་བྱེད་དགོས།

༣    གཞིས་སའི་ས་མཚམས་ཁག་ཏུ་ཧམ་ཟོས་མི་ཡོང་བའི་ཆེད་རྒྱུན་དུ་ས་གནས་འགོ་འཛིན་ལས་ཁང་དང་སྤྱི་བརྒྱ། ས་ཁང་བདག་པོ་སོ་སོ་ནས་ལྟ་རྟོག་དགོས་པ་དང༌།  ཧམ་ཟོས་ཀྱི་ཉེན་ཁ་ཡོད་ས་ཚང་མར་ཞིང་བདག་སོ་སོས་ས་རྟགས་རྡོ་རྩིག་སྲ་བརྟན། དགོས་གལ་གར་ཡོད་དུ་ཞིང་ཚིགས་འབུར་དོད་ཆེ་ཙམ། ཡང་ན་རྩི་ཤིང་གི་ལྕགས་རིའམ་རིབ་མ་སྲ་བརྟན་བཟོ་སྐྲུན་བྱེད་ཐུབ་པ་དགོས། ཅི་སྟེ་བཙན་ཤེད་ཧམ་ཟོས་བྱུང་ཚེ་ཁྲིམས་གཏུགས་དོ་ནན་བྱེད་དགོས། ཁྲིམས་རྩོད་པ་དང་ཁྲིམས་ཀྱི་འགྲོ་གྲོན་ས་གནས་ནས་གོ་སྒྲིག་མ་ཐུབ་ཚེ་ནང་སྲིད་ལས་ཁུངས་ནས་རོགས་སྐྱོར་བྱེད་དགོས།

༤    ས་གནས་འགོ་འཛིན་ལས་ཁང་ངམ་གཞིས་མི་སོ་སོས་ས་ཆའི་བོགས་ལེན་ལག་དེབ་ཞུས་ཏེ་བདག་ཉར་དགོས་པ་དང༌། ལག་དེབ་ཀྱི་དུས་ཚིགས་སྐབས་མཚམས་སོ་སོར་ཕྱིར་འགྱངས་ཞུ་རྒྱུ་དུས་འགྱངས་མ་སོང་བར་ཞུ་དགོས། མངའ་གཞུང་གི་བོགས་དུས་རྒྱས་བཅད་མ་རྫོགས་པའི་སྔོན་ཚུད་ལོ་གཉིས་ནས་འབྲེལ་ཡོད་ས་གནས་འགོ་འཛིན་སོ་སོས་བོགས་དུས་ཕར་འགྱངས་ཞུ་རྒྱུའི་ཞུ་གཏུགས་ལས་རིམ་འགོ་འཛུགས་བྱེད་དགོས།

༥    གནས་ཡུལ་རྒྱལ་ཁབ་ཀྱི་དབུས་སའི་གཞུང་དང༌། ཤིང་ནགས་ལས་ཁུངས། གྲོང་སྡེ་ལས་ཁུངས་བཅས་འབྲེལ་ཡོད་ལས་ཁུངས་ལ་ས་ཁྲལ་དང༌།  ཁང་ཁྲལ་ལྟ་བུའི་ཁྲལ་རིགས་ཇི་ཐོབ་དུས་ཐོག་ཏུ་འབུལ་སྒྲུབ་ཟིན་པ་བྱེད་དགོས། ས་ཁང་ཁྲལ་རིགས་ས་གནས་འགོ་འཛིན་ལས་ཁང་བརྒྱུད་འབུལ་དགོས། ས་ཁྲལ་བསྡུ་འབུལ་ཇི་བྱེད་ཐོ་འགོད་ཆེད་ས་གནས་འགོ་འཛིན་ལས་ཁང་དུ་རྩ་འཛིན་མ་དེབ་ཀྱི་མ་དཔེ་ཟུར་འཛར་  ང༽ རེ་ངེས་པར་ཉར་དགོས།

༦    གཞིས་སའི་ནང་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ཁྲིམས་མཐུན་བཀའ་འཁྲོལ་ཡིག་ཐོག་མེད་པར་ཁང་པ་གསར་རྒྱག་དང༌།  ས་འོག་ནས་ཆུ་འདྲེན། ལམ་དང་ཆུ་ཡུར་གསར་བཟོ། ཤིང་སྡོང་གཅོད་འབྲེག ས་རྡོ་གཞན་དུ་འོར་འདྲེན། གཞིས་ས་ནས་ས་ཕག་ཐོན་སྐྱེད་བཟོ་བ་བཅས་ཀྱིས་མཚོན་ས་ཞིང་བདག་གཅེས་ལ་གནོད་པའི་རིགས་བྱེད་མི་ཆོག ས་གནས་འགོ་འཛིན་གྱི་བཀའ་འཁྲོལ་རྒྱབ་གཉེར་གནང་འོས་མཆིས་མིན་ཞིབ་གནས་ནང་སྲིད་ལས་ཁུངས་སུ་ཕུལ་ཏེ་དགོངས་སྐོར་ཞུ་དགོས།

༧    གཞིས་ཁོངས་སུ་ཤིང་སྡོང་ཇི་ཡོད་སྲུང་སྐྱོབ་དགོས་པ་དང༌། ཞིང་གི་མཐའ་འཁྱུད་དང༌། གཞུང་ལམ་གཡས་གཡོན། ཁང་པའི་མཐའ་སྐོར། གཞན་ཡང་སྤྱི་ས་ལྷག་འཕྲོས་དང༌། འོས་འཚམས་ཀྱི་རང་བདག་ས་ཁྱོན་གར་ཡོད་དུ་ས་ཁུལ་གྱི་རང་བཞིན་དང་འཚམས་པའི་སྐྱེ་ཤིང་འདེབས་འཛུགས་ལོ་རེ་བཞིན་བྱེད་དགོས།

༨     སྐྱེ་ཤིང་འདེབས་འཛུགས་བྱེད་པོ་སུ་ཡིན་ལ་མ་ལྟོས་པར་སྐྱེ་ཤིང་གང་དུ་ཡོད་པའི་ས་བདག་དེར་བདག་རྒྱུ།

༩    གོང་གསལ་ནང་གསེས་དོན་ཚན་ཁག་ས་གནས་འགོ་འཛིན་ལས་ཁང་གིས་འགན་འཁུར་རྐང་ལེན་དགོས་ཁར་སྒྲིག་འཛུགས་གཞན་དང་གཞིས་མི་ཚང་མས་མཉམ་རུབ་བྱེད་དགོས།

 

དོན་ཚན་བཅུ་བཞི་པ།  ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང༌།

༡    ས་ཁང་སྒྲིག་གཞི་འདིའི་དོན་ཚན་ཁག་འཚེམས་མེད་ལག་བསྟར་བྱེད་མཁན་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་རེ་དགོས།

༢    ཚོགས་ཆུང་དེའི་ཚོགས་གཙོ་ས་གནས་འགོ་འཛིན་དང༌། ཚོགས་གཞོན་འདེམས་ཐོན་བྱུང་བའི་ཚོགས་མི་རང་ཁོངས་ནས་འདེམས་བསྐོ་བྱ་རྒྱུ། ཚོགས་གཙོ་མ་ཐེ་བའི་ཚོགས་མི་བཞི་ནས་བརྒྱད་བར་དགོས་པ་ས་གནས་སོ་སོའི་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ། ཚོགས་ཆུང་དེའི་ཚོགས་དྲུང་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་ནས་བྱེད་དགོས།

༣    གཞིས་མི་རང་ཁོངས་ནས་འོས་བསྡུ་བྱས་པའི་ཚོགས་མི་རྣམས་ཀྱི་ལས་ཡུན་ལོ་གསུམ་ཡིན་ཅིང༌། བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད།

༤    སྒྲིག་གཞི་འདིའི་འབྲུ་དོན་ལྟར་ལག་བསྟར་དང་སྟངས་འཛིན་བྱ་རྒྱུའི་འགན་དབང་ཚོགས་ཆུང་ལ་ཡོད།

༥    ས་ཁང་ཞིབ་འཇུག་ཚོགས་ཆུང་གི་ས་ཁང་དང་འབྲེལ་བའི་རྩོད་རྙོག་ཐག་གཅོད་དང༌། བཀོད་ཁྱབ་ཁག་ལ་དང་ལེན་མ་བྱུང་ཚེ། ནང་སྲིད་ལས་ཁུངས་ལ་ཞུ་གཏུགས་དང་། དེར་བརྩི་བཀུར་མ་ཞུས་ཚེ། ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱེད་ཆོག

༦    ཚོགས་ཆུང་གི་ཚོགས་འདུ་ནམ་ཚོགས་སྐབས་ཚོགས་བཅར་དང་ལས་དོན་ཇི་ཞུས་ཀྱི་ལས་བསྡོམས་སྙིང་བསྡུས་ལམ་སྟོན་ལྟར་འབུལ་དགོས། ཚོགས་མིའི་ཉིན་རེའི་ལས་དོད་ནང་སྲིད་ལས་ཁུངས་ཀྱི་གཏན་འབེབས་ལྟར་འཐོབ་རྒྱུ།

 

དོན་ཚན་བཅོ་ལྔ་པ།  ས་གནས་ཀྱི་ས་ཁང་སྒྲིག་གཞི།

༡    སྒྲིག་གཞི་འདི་འགོ་འཛུགས་བྱས་ཉིན་ནས་དེའི་སྔོན་དུ་ཡོད་པའི་ནང་སྲིད་ལས་ཁུངས་ནས་གཏན་འབེབས་བྱས་པའི་ས་ཁང་སྒྲིག་གཞི་དང༌། ས་གནས་འཐུས་མི་ཚོགས་འདུས་གཏན་འབེབས་བྱས་པའི་ས་ཁང་སྒྲིག་གཞི། བཀའ་ཤག་དང༌། ལས་ཁུངས་ཁག ས་གནས་བཅས་ནས་བཟོས་པའི་རྩ་འཛིན་ཡིག་ཆ་ཁག་བཅས་ཡོངས་རྫོགས་ནུས་མེད་དུ་འགྲོ་རྒྱུ།

༢    ས་གནས་སོ་སོའི་དམིགས་བསལ་དགོས་མཁོ་དང་འཚམས་པའི་སྒྲིག་གཞི་ཞིབ་ཕྲ་དགོས་གལ་བྱུང་ན་སྒྲིག་གཞི་འདིའི་དོན་ཚན་ཁག་དང་མ་འགལ་བའི་ཐོག་ནས་ས་གནས་འཐུས་ཚོགས་སོ་སོས་ལས་དོན་བྱ་ལམ་བྱེད་བདེ་གཏན་འབེབས་བྱ་འཐུས།

 

དོན་ཚན་བཅུ་དྲུག་པ།  བར་བརྒལ་གྱི་ཆ་རྐྱེན།

སྒྲིག་གཞི་འདི་འགོ་འཛུགས་བྱུང་འཕྲལ་ས་གནས་སོ་སོར་ནང་སྲིད་སྐུ་ཚབ་དང༌། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ཐུན་མོང་གིས་ས་ཁང་བདག་ཐོབ་ཀྱི་མ་དེབ་དང༌། དངོས་ཡོད་གནས་ཚུལ་ཞིབ་འཇུག་མཐིལ་ཕྱིན་བགྱིས་པའི་སྙན་ཐོ་ཕུལ་འབྱོར་ལ་གཞིགས་པའི་སྒྲིག་མཐུན་བཟོ་ཐབས་ཇི་ཡོད་སྐབས་བསྟུན་ཐག་གཅོད་བྱ་རྒྱུ།

 

དོན་ཚན་བཅུ་བདུན་པ།  སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

ཟུར་འཛར་ ཀ༽
༄༅། །ནང་སྲིད་ཁྱབ་ཁོངས་གཞིས་ཆགས་ཁག་གི་ཐོ་གཞུང༌།
ཨང། ས་གནས།
མོན་གྷོ་འདོད་རྒུ་གླིང༌།
སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང༌།
ལ་སླེ་བསོད་ནམས་གླིང་དང༌། ལ་བྱང་ས་ཁག
ཀོ་ལི་གྷལ་དོན་ལྡན་གླིང༌།
སྦེལ་ཀོབ་བདེ་སྐྱིད་སླར་གསོ།
ཧོན་སུར་རབ་རྒྱས་གླིང༌།
༧་ ཨོ་ཌི་ཤ་ཕུན་ཚོགས་གླིང༌།
མེའོ་ཆོས་འཕེལ་གླིང༌།
འབུམ་སྡེ་ལ་བསྟན་འཛིན་སྒང༌།
༡༠ མན་སྤར་ཕན་བདེ་གླིང༌།
༡༡ སིམ་ལ་དབྱངས་ཅན་དགའ་ཚལ་གླིང༌།
༡༢ ཏི་ཛུ་དར་རྒྱས་གླིང༌།
༡༣ སྦན་ད་ར་ནོར་རྒྱས་གླིང༌།
༡༤ ར་ཝང་ལ་ཀུན་ཕན་གླིང༌།
༡༥ སྡེ་ར་སྡུན་བདེ་སྐྱིད་གླིང་དང་ཚེ་རིང་དོན་ལྡན།
༡༦ ཀུ་ལུ་དཔལ་རབ་གླིང༌།
༡༧ ཌལ་ཧོར་ཕུན་ཚོགས་གླིང༌།

 

ཟུར་འཛར་ ཁ༽ 

 ༄༅། །ཕྱི་ལོ་______ཞིང་ས་རང་འདེབས་དང་བོགས་མ་གཏོང་ལེན་ཇི་བྱེད་ཞིབ་གནས་འགོད་འབུལ་ཞུས་པ་གཤམ་གསལ།

གཞིས་ཆགས།______________   གྲོང་སྡེ། ______ 

ཨང་།

 

ནང་མི་འགན་འཁུར་བའི་མིང་། ཁང་ཨང་། ནང་མི་གྲངས། ཐོབ་སྐལ་ཨེ་ཀར་གྲངས། རང་འདེབས་ཨེ་ཀར་གྲངས། བོགས་ལེན་ཨེ་ཀར་གྲངས། འདེབས་ལས་བསྡོམས་ཨེ་ཀར་གྲངས། བོགས་མ་གཏོང་ཡུལ་ཞིང་པའི་ཞིབ་གནས། ཟུར་བརྗོད།
མིང་། ཁང་ཨང་། གྲོང་སྡེ། ཨེ་ཀར་གྲངས།
བསྡོམས།

རྩིས་པ།/ལས་དྲུང/སོ་ནམ་སློབ་སྟོན་པ།                        ས་གནས་འགོ་འཛིན།

མིང།______________ས་རྟགས། ______          མིང།______________ས་རྟགས། ______ 

 

ཟུར་འཛར་ ག ༡ ༽ 

༄༅། །ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་གི་གཞིས་སྐལ་མ་ཐོབ་པའི་སྒུག་ཐོ་འགོད་དེབ།

ཨང༌། མིང༌། ཕོ་མོ། སྐྱེས་ཚེས། ཕ་མའམ། བཟའ་ཟླའི་མིང་། སྐྱབས་བཅོལ་ལག་འཁྱེར་ཨང༌། དཔྱ་དངུལ་ལག་དེབ་ཨང༌། གྲོང་སྡེ་དང་ཁྱིམ་རྟགས་ཨང༌། ས་སྐལ་ཐོབ་ཚེས། ས་སྐལ་རྒྱ་ཁྱོན། རྡོ་རྟགས་ཨང༌། འདས་ཚེས་སམ། ཕྱིར་ཐོན་ཚེས། ཟུར་བརྗོད།

ཟུར་མཆན། ས་གནས་འགོ་འཛིན་སོ་སོས་རང་ཁོངས་གྲོང་སྡེ་སོ་སོའི་ས་ཁང་མ་དེབ་དང་ལྷན་དུ། གོང་གསལ་རེའུ་མིག་ལྟར་གྲོང་སྡེ་སོ་སོར་སྒུག་ཐོའི་མ་དེབ་བཟོ་འགོད་ཀྱིས་དེའི་ངོ་བཤུས་སྤྱི་མིའམ་བརྒྱ་དཔོན་ལ་ཁུངས་སྤྲོད་དགོས་པ་དང་། མ་དེབ་ནང་མིང་ཐོ་གསར་འཇུག་དང་ཕྱིར་འཐེན་བཅས་ཀྱི་གནས་སྟངས་རྣམས་ལོ་ལྟར་དབུས་ས་ཁང་བགོ་འགྲེམས་ཚོགས་ཆུང་དང་། སྤྱི་བརྒྱ་སོ་སོར་སྤྲོད་དགོས།

 

ཟུར་འཛར་ ག ༢༽

༄༅། །དབུས་ས་ཁང་བགོ་འགྲེམས་ཚོགས་ཆུང་གི་གཞིས་སྐལ་མ་ཐོབ་པའི་སྒུག་ཐོ་འགོད་དེབ། 

 

ཨང༌། ཁྱིམ་བདག་དང་འདོད་གཅིག་ནང་མིའི་མིང་། ཕོ་མོ། སྐྱེས་ཡུལ། སྐྱེས་ཚེས། སྐྱབས་བཅོལ་ལག་འཁྱེར་ཨང༌། དཔྱ་དངུལ་ལག་དེབ་ཨང༌། འཚོ་ཐབས་སམ་ལས་རིགས། ས་སྐལ་ཐོབ་ཚེས། ས་སྐལ་རྒྱ་ཁྱོན། ས་ཐོབ་གྲོང་སྡེ་དང་ཁྱིམ་ཨང༌། རྡོ་རྟགས་ཨང༌། འདས་ཚེས་སམ། ཕྱིར་ཐོན་ཚེས། ཟུར་བརྗོད།

 

ཟུར་འཛར་ ང༽ 

༄༅། །མངའ་གཞུང་ས་ཁྲལ་བསྡུ་འབུལ་ཇི་བྱེད་ཐོ་འགོད་མ་དེབ། 

གཞིས་ཆགས།______________   གྲོང་སྡེ། ______

ཨང་།

 

ནང་མི་འགན་འཁུར་བའི་མིང་། ཁང་ཨང་། ནང་མི་གྲངས། ས་ཞིང་ཨེ་ཀར་གྲངས། ཨེ་ཀར་རེ་ལ་ས་ཁྲལ་འབབ་སྒོར། བསྡོམས་སྒོར། ཕྱི་ལོ་ _____ ཟུར་བརྗོད།
བྱུང་འཛིན་ཨང་། ཚེས་གྲངས། སྒོར།
བསྡོམས།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༤།༥།༣༡ ཉིན་ཕྱོགས་བསྒྲིགས་ཞུས།