༄༅། །བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག

༄༅། །བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག

 

ལེའུ་དང་པོ།

སྔོན་འགྲོ།

 

དོན་ཚན་དང་པོ།  མིང༌།

ཁྲིམས་ཡིག་འདི་ལ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

 

དོན་ཚན་གཉིས་པ།  ཆ་རྐྱེན།

ཁྲིམས་ཡིག་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ པ་དང༌། དོན་ཚན་ ༥༡ པའི་ནང་གསེས་ ༡ བཅས་ཀྱི་འོག་བཀོད་སྒྲིག་བྱས་པ་ཡིན།

 

དོན་ཚན་གསུམ་པ། འགོ་འཛུགས།

ཁྲིམས་ཡིག་འདི།  བོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༩༢ ཕྱི་ཟླ་ ༢ ཚེས་ ༡༡ ནས་འགོ་འཛུགས་བྱ་རྒྱུ།

 

དོན་ཚན་བཞི་པ།  ཁྱབ་ཚད།

ཁྲིམས་ཡིག་འདིས་བཙན་བྱོལ་བོད་མི་ཡོངས་ལ་ཁྱབ་པ་ཡིན།

 

ལེའུ་གཉིས་པ།

དང་བླངས་དཔྱ་དངུལ།

 

དོན་ཚན་ལྔ་པ།  དང་བླངས་དཔྱ་དངུལ་གྱི་ངོ་བོ།

དཔྱ་དངུལ་འདི་ནི་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་བརྩི་མཐོང་གི་མཚོན་བྱེད་དུ་མ་བསྐུལ་དང་བླངས་ཀྱིས་ཕྱི་ལོ་ ༡༩༧༢ ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་དུ་ཐག་བཅད་གྲོས་ཆོད་བཞག་པ་ལྟར་རང་མོས་དང་བླངས་ཀྱིས་འབུལ་སྒྲུབ་དགོས་པའི་དཔྱ་དངུལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ པར་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན།

 

དོན་ཚན་དྲུག་པ།  དང་བླངས་དཔྱ་དངུལ་འབུལ་རྒྱུའི་ཐོབ་ཐང༌།

ཁྲིམས་ཡིག་འདིར་གསལ་གྱི་དང་བླངས་དཔྱ་དངུལ་འབུལ་བའི་ཐོབ་ཐང་བོད་ཀྱི་ཡུལ་མི་ཁོ་ནར་ཡོད་ཅིང༌། དང་བླངས་དཔྱ་དངུལ་དང་ཟས་བཅད་དོད། ཕོགས་ཐོབ་བརྒྱ་ཆ་ཆད་མེད་སྒྲུབ་འབུལ་མི་བྱེད་མཁན་སུས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ཁྲིམས་ཡིག་ནང་གསལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་མི་ཆོག

 

དོན་ཚན་བདུན་པ།  དང་བླངས་དཔྱ་དངུལ་འབབ་ཚད།

༡    རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ལོ་རེར་ཧིན་སྒོར་ ༡༥༠ འབབ། རང་ལོ་ ༦ སོན་པ་ནས་ ༡༧ བར་ལོ་རེར་ཧིན་སྒོར་ ༢༠ འབབ།

༢    གོང་གསལ་ཡུལ་གྲུ་ཁག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་བོད་མི་རང་ལོ་ ༦ སོན་པ་ནས་ ༡༧ བར་ཟླ་རེར་ཨ་སྒོར་ ༡ རེ་དང་། རང་ལོ་ ༡༨ ནས་ ༨༤ བར་ཟླ་རེར་ཨ་སྒོར་ ༣ རེའི་འབབ།

༣    དཔྱ་དངུལ་ལག་དེབ་ནང་གསལ་རང་ལོ་ ༧༠ ཡན་སོན་པ་རྣམས་ནས་སོ་སོའི་འདོད་མོས་ལྟར་རང་ལོ་ ༨༥ བར་གྱི་དང་བླངས་དཔྱ་དངུལ་འབབ་སྡེབ་འབུལ་ཆོག་རྒྱུ། འོན་ཀྱང་དེ་རིགས་ནས་དེ་སྔའི་དང་བླངས་དཔྱ་དངུལ་ཆད་མེད་ཕུལ་ཟིན་པ་ཞིག་ངེས་པར་ཡིན་དགོས།

 

ལེའུ་གསུམ་པ།

ངེས་ཅན་བསྡུ་དངུལ།

 

དོན་ཚན་བརྒྱད་པ།  ངེས་ཅན་བསྡུ་དངུལ་གྱི་ངོ་བོ།

བསྡུ་དངུལ་འདི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་མཐུན་རྐྱེན་ལ་སྨན་སླད་མང་ཚོགས་ཀྱིས་དང་བླངས་ཐག་གཅོད་བྱས་པའི་བཙན་བྱོལ་བོད་མི་ཡོངས་ཀྱིས་ངེས་ཅན་དུ་འབུལ་དགོས་པའི་བསྡུ་དངུལ་ཞིག་ཡིན།

 

དོན་ཚན་དགུ་པ།  ངེས་ཅན་བསྡུ་དངུལ་འབུལ་རྒྱུའི་ཐོབ་ཐང༌།

ངེས་ཅན་བསྡུ་དངུལ་འབུལ་བའི་ཐོབ་ཐང་བོད་ཀྱི་ཡུལ་མི་ཁོ་ནར་ཡོད།

 

དོན་ཚན་བཅུ་པ།  ངེས་ཅན་བསྡུ་དངུལ་ཟས་བཅད་དོད་ཀྱི་འབབ་ཚད།

༡    རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ནང་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ལོ་རེར་ཉིན་གཉིས་རེའི་ཟས་བཅད་དོད་ཧིན་སྒོར་ ༥༠ རེ།

༢    གོང་གསལ་ཡུལ་ཁག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་ཟས་བཅད་དོད་ལོ་རེར་ཨ་སྒོར་ ༡༠ རེ་བཅས།

 

དོན་ཚན་བཅུ་གཅིག་པ།  ངེས་ཅན་བསྡུ་དངུལ་ཕོགས་ཐོབ་བརྒྱ་ཆའི་འབབ་ཚད།

༡    རྒྱ་གར་དང་བལ་ཡུལ། འབྲུག་གསུམ་ནང་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་རང་གི་རྩ་ཕོགས་ཀྱི་བརྒྱ་ཆ་བཞིའམ། སྒང་ཕོགས་ཀྱི་བརྒྱ་ཆ་གཉིས་གང་མང་བ་དེ་འབུལ་དགོས།  རྩ་ཕོགས་དང་སྒང་ཕོགས་ཐ་སྙད་གསལ་ཁ་མེད་པ་ལས་དོད་དང་མཚན་དོད་ཐོབ་མཁན་རྣམས་ཀྱིས་ལས་དོད་དང་མཚན་དོད་འབབ་ནས་བརྒྱ་ཆ་ ༢་༧༠ འབུལ་དགོས། ཉིན་གླའི་ཐད་ལས་ཁུངས་སམ་སྡེ་ཚན་གཅིག་གི་ནང་ཉིན་གྲངས་ ༣༡ ལས་མང་བ་ཞུ་སྤྲོད་བྱ་དགོས་རིགས་ནས་ཉིན་གླ་ཇི་ཐོབ་ཀྱི་འབབ་ནས་བརྒྱ་ཆ་ ༡ འབུལ་དགོས།

༢    རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་ལོ་རེར་ཨ་སྒོར་ ༥༠ རེ་འབུལ་དགོས།

༣    རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་གནས་སྡོད་བོད་མི་ཕོགས་ཐོབ་མེད་པ་ཚོང་ཁེའི་ཡོང་འབབ་ཡོད་རིགས་རྣམས་ནས་བློས་བཅད་ཀྱིས་ཚོང་ཕུད་ཞལ་འདེབས་ལོ་ལྟར་བསྡུ་འབུལ་དགོས་རྒྱུ།

 

དོན་ཚན་བཅུ་གཉིས་པ།  ངེས་ཅན་བསྡུ་དངུལ་གཙང་ཁེའི་བརྒྱ་ཆའི་འབབ་ཚད།

བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་ངོས་འཛིན་གནང་བའི་སྤྱི་པའི་མཉམ་ལས་དང༌། བཟོ་ཚོང་རྣམས་ཀྱིས་ལོ་རེའི་གཙང་ཁེའི་བརྒྱ་ཆ་ ༡༥ རེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་བའི་ཁེ་གུན་རྩིས་འབྲས་སྙན་ཐོ་གཞིར་བཟུང་འབུལ་རྒྱུ། སྤྱི་པའི་མཉམ་ལས་དང་བཟོ་ཚོང་སྡེ་ཚན་གང་ཞིག་ལོ་རང་བཀག་རྩིས་གསལ་གཙང་ཁེ་གསལ་གྱི་ཡོད་རུང༌། ལོ་སྔོན་མ་རྣམས་སུ་སྡེ་ཚན་མ་ལག་དང་བཅས་པའི་ (Accumulated) ཕྱོགས་བསྡོམས་རྩིས་གསལ་དུ་སྡེབ་གསོག་གྱོང་གུན་ཡོད་རིགས་ཁ་གསབ་མ་ཟིན་བར་ལོ་འཁོར་གཙང་ཁེའི་བརྒྱ་ཆ་ ༡༥ འབུལ་མི་དགོས།

 

དོན་ཚན་བཅུ་གསུམ་པ།  བསྡུ་དངུལ་ཆག་ཡང༌།

༡    བོད་མི་འཁོས་ཞན་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་འབུལ་བསྒྲུབ་མི་ཐུབ་པའི་རིགས་ལ་ས་གནས་རང་བདེན་ཚོགས་ཆུང་དང་འགོ་འཛིན་སུ་རུང་གི་རྒྱབ་གཉེར་དང་སྦྲགས་ཆག་ཡང་སྙན་ཞུ་བྱུང་ཚེ་སྤྱི་འཐུས་རྒྱུན་ལས་ནས་ལོ་གཉིས་ལས་མ་བརྒལ་བའི་དུས་ཡུན་གང་འཚམས་རེ་ཆག་ཡང་གནང་འཐུས། ཆག་ཡང་དུས་ཡུན་རྫོགས་རྗེས་བསྐྱར་ཞིབ་གནང་དགོས།

༢    བོད་ནས་གསར་དུ་ཕེབས་པའི་བོད་མི་རྣམས་ལ་འབྲེལ་ཡོད་སྣེ་ལེན་ཁང་གིས་ཐོག་མར་ངོས་སྦྱོར་གནང་བ་ནས་བཟུང་ལོ་གཅིག་རིང་དཔྱ་དངུལ་བསྡུ་ལེན་མ་དགོས་པར་ཆག་ཡང་ཡོད། དེའི་རྗེས་བཙན་བྱོལ་བོད་མི་སྤྱི་མཚུངས་བཞིན་འབུལ་དགོས།

༣    རང་ལོ་ ༨༥ ཡན་སོན་པ་རྣམས་ལ་ལོ་ནའི་བབ་ཀྱིས་ཆེ་མཐོང་དང་གུས་བརྩི་མཚོན་བྱེད་དང་བླངས་དཔྱ་དངུལ་འབུལ་དགོས་མེད།

 

ལེའུ་བཞི་པ།

ངེས་མེད་ཞལ་འདེབས་བསྡུ་དངུལ།

 

དོན་ཚན་བཅུ་བཞི་པ།  ངེས་མེད་ཞལ་འདེབས།

ངེས་ཅན་བསྡུ་དངུལ་ཁག་ལས་གཞན་པ། བོད་མིར་བརྩེ་ཞེན་ལྡན་པ་དང་བོད་མི་སུས་ཀྱང་དང་བླངས་ཞལ་འདེབས་ཟླ་རེ་བཞིན་ནམ། ལོ་རེ་བཞིན་འབུལ་འདོད་ཡོད་རིགས་ནས་འབུལ་འཐུས་དང༌། དེའི་ལམ་སྲོལ་སྒྲིག་གཞི་གང་དགོས་དཔལ་འབྱོར་ལས་ཁུངས་ཀྱིས་ཟིན་བྲིས་བཟོས་ཏེ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་དགོས།

 

ལེའུ་ལྔ་པ།

དང་བླངས་དཔྱ་དངུལ་དང་དངུལ་འབབ་གཞན་བསྡུ་ཕྱོགས།

 

དོན་ཚན་བཅོ་ལྔ་པ།  འབབ་དངུལ་བསྡུ་ལེན།

༡    བོད་མི་གནས་ཡུལ་གྱི་ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གིས་རང་གི་ཁྱབ་ཁོངས་བོད་མི་རང་ལོ་ ༦ ཡན་སོན་པ་རྣམས་ཀྱི་མིང་གཞུང་མ་དེབ་བདག་ཉར་ཐོག་ཐུབ་ན་ཟླ་བ་ངོ་རེ་བཞིན་དང༌། དེ་མིན་ཡུལ་དུས་དང་བསྟུན་པའི་དུས་ཡུན་གང་འཚམས་རེའི་ནང་དངུལ་འབབ་བསྡུ་ལེན་གྱིས་རྩིས་ལོ་རེའི་དངུལ་འབབ་རྩིས་ལོ་དེ་གའི་ནང་བསྡུ་ལེན་དང་བྱུང་འཛིན་ཐམ་སྦྱར་ངེས་པར་ཟིན་པ་བྱེད་དགོས།

༢    འབབ་དངུལ་གང་ཡིན་ཡང་དཔལ་འབྱོར་ལས་ཁུངས་ནས་གཏན་འབེབས་བྱས་པའི་ཚད་ལྡན་བྱུང་འཛིན་སྤྲོད་ལེན་མ་བྱས་པར་འབུལ་བ་དང་ལེན་པ་གཉིས་ཀ་མི་ཆོག

༣    རང་བདེན་ཚོགས་ཆུང་ངམ། ཚོགས་ཆུང་གིས་ཡིག་ཐོག་བཀོད་མངགས་བྱས་པའི་མི་སྣ་ལས་གཞན་པས་དཔྱ་དངུལ་དང་འབབ་དངུལ་གཞན་དག་གང་ཡང་བསྡུ་ལེན་མི་ཆོག

༤    བསྡུ་ལེན་ཟིན་པའི་འབབ་དངུལ་རྣམས་ཟླ་རེའི་ནང་ཚུན་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་དང༌། བཀའ་འཁྲོལ་མེད་པར་དངུལ་འབབ་རང་བདེན་ཚོགས་ཆུང་དུ་ཟླ་གཅིག་བརྒལ་བར་ཉར་འཇོག་བྱས་པ་ཡིན་ན་དུས་ཡུན་ཇི་སོང་ཡུལ་སྲོལ་དངུལ་ཁང་གི་སྐྱེད་འབབ་བསྒྲུབ་དགོས།

༥    རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་བོད་མི་རྣམས་ཀྱི་དངུལ་འབབ་བསྡུ་ལེན་དང༌། རང་གི་ཁྱབ་ཁོངས་བོད་མི་ཡོངས་ཀྱི་མིང་གཞུང་མ་དེབ་བདག་ཉར་ཐོག་དངུལ་འབབ་རྣམས་དཔལ་འབྱོར་ལས་ཁུངས་སུ་འབུལ་དགོས་པ་དང་རྩིས་ཀྱི་འགན་འཁུར་ཡོངས་རྫོགས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནས་ལེན་དགོས།

 

དོན་ཚན་བཅུ་དྲུག་པ།  དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་འབུལ་ཚེས་འགོ་འཛུགས།

༡    དང་བླངས་དཔྱ་དངུལ་དང་ཕོགས་ཐོབ་བརྒྱ་ཆ་བཅས་ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ནས་འབུལ་དགོས། དེ་རྗེས་རང་ལོ་ ༦ སོན་པ་ནས་དང་བླངས་དཔྱ་དངུལ་འབུལ་དགོས་པ་དང༌། ཕོགས་ཐོབ་བྱུང་ཚེས་ནས་བརྒྱ་ཆ་འབུལ་དགོས།

༢    ཕྱི་ལོ་ ༡༩༧༩ ཟླ་ ༤ ཚེས་ ༡ ནས་བཟུང་རང་ལོ་ ༡༨ སོན་པ་རྣམས་ཀྱིས་ཟས་བཅད་དོད་འབུལ་དགོས།

 

དོན་ཚན་བཅུ་བདུན་པ།  དཔྱ་དངུལ་དང་བསྡུ་དངུལ་ལོ་དུས།

༡    དཔྱ་དངུལ་དང་བསྡུ་དངུལ་ལོ་དུས་ཕྱི་ཟླ་  ༤  ཚེས་  ༡  ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་ཡིན།

༢    འདས་པའི་ལོ་གཅིག་གི་དཔྱ་དངུལ་དང་བསྡུ་དངུལ་རྗེས་ལོའི་ ཕྱི་ཟླ་ ༤ ཚེས་ ༣༠ ནང་ཚུན་བསྡུ་ལེན་ཐུབ་པ་དགོས།

༣    བསྡུ་ལེན་ཟིན་པའི་འབབ་དངུལ་རྣམས་དཔལ་འབྱོར་ལས་ཁུངས་ཀྱི་གཏན་འབེབས་དུས་ཡུན་ནང་ཚུན་ཕུལ་ཟིན་པ་དགོས།

༤    ས་གནས་རང་བདེན་ཚོགས་ཆུང་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༣༠ འགྱངས་མེད་དཔྱ་དངུལ་འབུལ་འབབ་དང་བྱུང་སོང་བསྡད་གསུམ་གྱི་མཐའ་མའི་རྩིས་སྒོ་བརྒྱབས་ཏེ་རྩིས་ཁྲ་སྤྱི་འཐུས་རྒྱུན་ལས་དང༌། དཔལ་འབྱོར་ལས་ཁུངས། འབྲེལ་ཡོད་ས་གནས་འཐུས་མིའི་ཚོགས་འདུ་སོ་སོར་འབུལ་དགོས།

 

དོན་ཚན་བཅོ་བརྒྱད་པ།  དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཆད་གསབ།

༡    དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་འབུལ་ཆད་གྱུར་བསྡད་གསར་དུ་འབུལ་འདོད་ཡོད་རིགས་ནས་ས་གནས་རང་བདེན་ཚོགས་ཆུང་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བརྒྱུད་སྙན་ཤོག་བསྐངས་ཏེ་འབུལ་འགོ་འཛུགས་ཆོག

༢    དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་འབུལ་ཆད་གྱུར་ཚེ། དོ་བདག་གི་འཁོས་བབ་ལ་དཔག་པའི་ལོ་རེའི་འབུལ་འབབ་རྣམས་སྡེབ་འབུལ་ལམ། ཆ་བགོས་ཀྱིས་འབུལ་ཆོག

༣    དངོས་འབྲེལ་དཔལ་འབྱོར་ཉམས་དམན་ཆད་དངུལ་འབུལ་སྒྲུབ་མི་ཐུབ་ངེས་ཅན་རིགས་ཆག་ཡང་སྙན་ཞུ་གཏན་འབེབས་འགེངས་ཤོག་ཏུ་བསྐངས་ཏེ་མིང་རྟགས་བཀོད་ཐོག་ས་གནས་རང་བདེན་ཚོགས་ཆུང་གིས་རྒྱབ་གཉེར་དང་བཅས་ཕུལ་འབྱོར་བྱུང་ཚེ་སྤྱི་འཐུས་རྒྱུན་ལས་ནས་ཆད་དངུལ་ཆ་ཚང་ངམ། ཆ་ཤས་ཆག་ཡང་གནང་འཐུས།

༤    ཡུལ་དུས་གནས་སྐབས་དམིགས་བསལ་བའི་འོག་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ཀྱིས་དགོས་གལ་གཟིགས་ན། དཔྱ་དངུལ་དང་ངེས་ཅན་བསྡུ་འབུལ་གསར་དུ་འབུལ་འདོད་ཡོད་རིགས་ལ་དུས་བཀག་རྒྱས་བཅད་ཀྱིས་སྔ་མའི་འབུལ་ཆད་ཆག་ཡང་གནང་འཐུས།

 

དོན་ཚན་བཅུ་དགུ་པ།  དཔྱ་དངུལ་དང་བསྡུ་དངུལ་བྱུང་འཛིན་ལག་དེབ།

༡    དཔྱ་དངུལ་དང་བསྡུ་དངུལ་གཞན་དག་བསྡུ་ལེན་དང་བྱུང་འཛིན་གཏོང་བདེའི་ལག་དེབ། སྦྱར་ཐམ། ཡང་ན། རྟགས་ཐམ་མམ་བྱུང་འཛིན་ཅི་འོས་དཔལ་འབྱོར་ལས་ཁུངས་ཀྱིས་དུས་ནས་དུས་སུ་གཏན་འབེབས་དང་གོ་སྒྲིག་བྱ་རྒྱུ།

༢    དཔྱ་དངུལ་དུས་ཐོག་བསྡུ་ལེན་ཐུབ་པའི་ཆེད་ས་གནས་རང་བདེན་ཚོགས་ཆུང་ཁག་ལ་བྱུང་འཛིན་ལག་དེབ་དང༌། སྦྱར་ཐམ་བཅས་ཆ་རྐྱེན་ཇི་དགོས་དུས་འགྱངས་མ་སོང་བར་དཔལ་འབྱོར་ལས་ཁུངས་ནས་འཕྲོད་ཐུབ་པ་དགོས་རྒྱུ་དང༌། དེའི་ཆེད་ཞིབ་ཆའི་སྒྲིག་གཞི་དང༌། ལམ་སྟོན་ཡིག་ཆ་ཇི་དགོས་དཔལ་འབྱོར་ལས་ཁུངས་ནས་གཏན་འབེབས་བྱ་རྒྱུ།

 

དོན་ཚན་ཉི་ཤུ་པ།  དཔྱ་དངུལ་དང་བསྡུ་དངུལ་བཞེས་དགོས་པ།

༡    བོད་མི་སུ་ཞིག་དཔྱ་དངུལ་ལག་དེབ་མཉམ་འཁྱེར་གྱིས་དཔྱ་དངུལ་དང་བསྡུ་དངུལ་འབུལ་བསྒྲུབ་ཞུ་བར་ས་གནས་རང་བདེན་ཚོགས་ཆུང་གང་དུ་བཅར་ཡང་ས་གནས་དེའི་ཁོངས་གཏོགས་ཡིན་མིན་ལ་མ་ལྟོས་པར་རང་ཉིད་གནས་སའི་རྒྱལ་ཁབ་གང་ཡིན་དེའི་ཡུལ་ཐང་དངུལ་འབབ་ངེས་པར་བཞེས་དགོས།

༢    རྒྱལ་ཁབ་གང་ཞིག་ཏུ་གཏན་སྡོད་བྱེད་མཁན་ནམ་དུས་ཡུན་ལོ་གཅིག་ལས་བརྒལ་བ་བསྡད་ཚེ་རྒྱལ་ཁབ་དེ་གའི་དཔྱ་འབབ་སྤྱི་མཚུངས་འབུལ་དགོས་པ་ལས་རྒྱལ་ཁབ་གཞན་དུ་ཕ་མ་ཉེ་འབྲེལ་ནས་འབབ་དངུལ་ཆུང་ཐབས་ལྟ་བུའི་བསྒྲུབ་འབུལ་ཞུ་མི་ཆོག

༣    དཔྱ་དངུལ་ལག་དེབ་གསར་ཞུ་བྱེད་མཁན་གང་དུ་བྱུང་ཡང་བོད་མི་ཡིན་པའི་དན་རྟགས་ཚད་ལྡན་ཡོད་རིགས་ཚང་མར་ལག་དེབ་ངེས་པར་སྤྲོད་དགོས།

 

དོན་ཚན་ཉེར་གཅིག་པ།  དང་བླངས་དཔྱ་དངུལ་ཡིག་ཟམ་བརྒྱུད་འབུལ་བ།

ཁ་འཐོར་གནས་སྡོད་བོད་མི་སུས་ཀྱང་དཔྱ་དངུལ་དང་བསྡུ་དངུལ་དཔལ་འབྱོར་ལས་ཁུངས་སམ། འབྲེལ་མཚུངས་རང་བདེན་ཚོགས་ཆུང་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་གང་ཞིག་ལ་ཡིག་ཟམ་བརྒྱུད་འབུལ་ཆོག་ཅིང༌། འདི་རིགས་ལ་ལག་དེབ་དང་བྱུང་འཛིན་ཕྱིར་གཏོང་གི་ཡིག་ཟམ་བདལ་གླ་ཇི་ཐོབ་དོ་བདག་གིས་འབུལ་དགོས།

 

ལེའུ་དྲུག་པ།

ཁྲིམས་ཡིག་རྩ་འཛིན་དང་བསྐྱར་བཅོས།

 

དོན་ཚན་ཉེར་གཉིས་པ།  ཁྲིམས་ཡིག་རྩ་འཛིན།

ཁྲིམས་ཡིག་འདི་འགོ་འཛུགས་བྱས་པ་ནས་བཟུང༌། སྒྲིག་གཞི་སྔོན་མའི་འབྲུ་དོན་ཁྲིམས་ཡིག་འདི་དང་མི་མཐུན་པའི་ཆ་དེ་རྩིས་མེད་ཡིན།

 

དོན་ཚན་ཉེར་གསུམ་པ།  ཁྲིམས་ཡིག་བསྐྱར་བཅོས།

ཁྲིམས་ཡིག་འདི་ལ་བསྐྱར་བཅོས་ནམ་དགོས་སྐབས་བཀའ་ཤག་གི་རྒྱབ་གཉེར་དང་སྦྲགས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

 

 

༄༅། དང་བླངས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཆག་ཡང་སྙན་ཞུའི་འགེངས་ཤོག

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ལ།

ཆེད་ཞུ།

ཁུལ་གནས་སྡོད་གཤམ་གསལ་མིང་འཁོད་ནས་དང་བླངས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་གྱི་དགོས་དམིགས་དང་སྒྲིག་སྲོལ་སྐོར་གནས་ཚུལ་ཇི་བཞིན་ཤེས་རྟོགས་མ་བྱུང་བ་དང༌། དཔལ་འབྱོར་འཁོས་ཞན་དབང་གིས་བསྡུ་དངུལ་འབུལ་ཆད་གྱུར་པ་ལས་བོད་མིའི་སྒྲིག་འཛུགས་ལ་བརྩི་མེད་ཞུ་བའི་བསམ་ཚུལ་མེད་ངེས་ཡིན་པ་མ་ཟད། སླད་ཕྱིན་དཔྱ་དངུལ་དང་བསྡུ་དངུལ་མཐའ་དག་ཆད་མེད་དུས་ཐོག་ངེས་པར་འབུལ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ན་ད་བར་འབུལ་ཆད་གྱུར་པ་རྣམས་ཆག་ཡང་བཀའ་དྲིན་ཆེ་བ་ཞུ། གཤམ་གསལ་མིང་འཁོད་/རྣམས་/ཀྱིས་ཕྱི་ལོ་ ༢༠་་་་་་་ ཟླ་       ཚེས་       ལ།

ཕུལ།

གྲངས། ས་གནས། མིང། རང་ལོ། དཔྱ་དངུལ་འགོ་འཛུགས་ཚེས། ཆད་དངུལ་བསྡོམས། མིང་རྟགས།
______ ______ ______ ______ ______ ______ ______ ______

གོང་གསལ་མིང་འཁོད་རྣམས་དཔལ་འབྱོར་མཐའ་ཞན་དངོས་འབྲེལ་ཡིན་སྟབས་དེ་སྔོན་གྱི་ཆད་དངུལ་འབུལ་བསྒྲུབ་ཞུ་ཐབས་གཏན་ནས་མི་འདུག་ན་ཆག་ཡང་གནང་སྐྱོང་ཡོང་བའི་རྒྱབ་གཉེར་དུ། ་་་་་་་་་་་་་ས་གནས་རང་བདེན་ཚོགས་ཆུང་ནས་ ༢༠་་་་་ཟླ་ཚེས་ལ།

ཚོགས་གཙོའི་མིང་རྟགས།

 

གོང་གསལ་སྒྲིག་གཞི་འདི་བཞིན་བསྐྱར་བཅོས་ཇི་སོང་དང་བཅས་ཆ་ཚང་ཕྱི་ལོ་ ༢༠༢༤།༥།༣༡ ཉིན་ཕྱོགས་བསྒྲིགས་ཞུས།