༄༅། །ལྡི་ལི་མཐོ་སློབ་ཀྱི་ཁྲིམས་ཞིབ་པའི་སྡེ་ཚན་གྱི་ཁྲིམས་ཞིབ་ལས་རོགས་ཀྱི་སློབ་དཔོན་ཅིག་དང་། རྒྱ་གར་ནང་པའི་ཚོགས་གཙོ་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

78
ཕྱིི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ཉིན་ལྡི་ལི་མཐོ་སློབ་ཀྱི་ཁྲིམས་ཀྱི་སློབ་དཔོན་སྐུ་ཞབས་ Mr Manjesh Rana མཆོག་གིས་བོད་ཀྱི་རྩ་དོན་ཐོག་ཉམས་ཞིབ་གནང་བཞིན་ཡོད་པ་ལྟར། ཁོང་གི་ཉམས་ཞིབ་བརྗོད་གཞི་དང་འབྲེལ་བའི་ཐོག་རྒྱུ་ཆ་མཁོ་སྒྲུབ་སླད་རྡ་སར་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་གཙོས་འབྲེལ་ཡོད་གཞན་རྣམས་དང་མཇལ་འཕྲད་དང་། བཅར་འདྲི་གནང་ཞིང་། སྤྱི་ལྷན་དུ་ཕེབས་སྐབས་བཙན་བྱོལ་བོད་མིའི་གནས་བབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་ལ་དཔལ་ལྡན་ཚོགས་གཞོན་མཆོག་ལ་བཅར་འདྲི་ཞུས་པ་ཁག་ལ་བཀའ་ལན་ཞིབ་གསལ་གནང་ཡོད་པ་མ་ཟད། ཁོང་ལ་འཚམས་འདྲི་དང་སྦྲགས་ཁོང་གི་ཉམས་ཞིབ་ལ་མཁོ་བའི་དཔེ་དེབ་དང་ཡིག་ཆ་ཁག་གནང་ཡོད་པ་རེད།
དེ་རྗེས་རྒྱ་གར་ནང་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Badal Singh Boudh མཆོག་ད་ལམ་འདི་གར་སྤྱི་ནོར་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་ཕེབས་གནང་ཡོད་པ་དང་། ཁོང་ནི་ལོ་མང་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་བོད་ནང་གི་གནས་སྟངས་དང་འབྲེལ་རང་ངོས་ནས་འབྲི་རྩོམ་ཡང་མང་དག་ཅིག་སྤེལ་གནང་ཡོད་པ་མ་ཟད། མ་འོངས་ས་གནས་ནང་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་སླད་ཚོགས་གཞོན་མཆོག་དང་མཇལ་འཕྲད་སྐབས་ལམ་སྟོན་ཞུས་ནས་ཁོང་ལ་འཚམས་འདྲི་དང་། བོད་ཀྱི་རྩ་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཕུལ། འབྱུང་འགྱུར་ས་གནས་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་སོགས་ལས་འགུལ་སྤེལ་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།