མིང་། ཆོས་གྲགས་རྒྱ་མཚོ།

༄༅། །༡༩༨༩ ལོའི་ཟླ་ ༠༢ པའི་ཚེས་ ༠༡ ཉིན་མཚོ་སྔོན་གཅན་ཚ་རུ་སྐྱེས་ཏེ་བོད་ནང་དུ་སློབ་འབྲིང་བར་ཕྱིན། ༢༠༠༥ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་སློབ་གྲྭར་ཞུགས། སློབ་གྲྭའི་དུས་སྐབས་ནས་སློབ་སྦྱོང་ཡག་ཤོས་གྲས་དང་། བོད་ཨིན་གཉིས་ཀྱི་བགྲོ་གླེང་དང་སྙན་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་འང་ཐེངས་མང་བླངས། ༢༠༡༡ ལོར་ཤིང་བཟའ་རིན་པོ་ཆེས་བཀོད་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་རྒྱ་གར་ནང་སྙན་ངག་གྱེར་འདོན་གྱི་སྡིངས་ཆའི་སྟེང་།  འགྲན་ཞུགས་པ་ ༢༧༠ ཁྲོད་རྩེར་སོན་ཨང་རིམ་བཅུའི་ནང་བདམས། ༢༠༡༢ ལོར་བོད་ཁྱིམ་གོ་པལ་པུར་སློབ་ཞུགས་བྱས་ནས་༢༠༡༤ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཁྱིམ་གོ་པལ་པུ་སློབ་གྲྭའི་སློབ་མ་ཡོངས་ལས་ཨང་རིམ་དང་པོ་བླངས། ༢༠༡༤ ལོར་ལྡི་ལིའི་མཐོ་སློབ་རྩེ་ཕུད་ཀྱི་གྲས་ (Delhi University- Ramjas) ནང་དང་ (Indira Gandhi National Open University- IGNOU) གཉིས་ནས་ཆབ་སྲིད་རིག་པར་སློབ་མཐར་སོན།

ལས་ཀའི་ཉམས་མྱོང་། ༢༠༡༦ ལོར་ལྡི་ལིའི་བོད་ཁྱིམ་སྡོད་ཁང་གི་མཐོ་རིམ་སློབ་མ་ཡོངས་ནས་རོ་ཧི་ནེ་ས་གནས་གཞོན་ནུའི་དྲུང་ཡིག་ཏུ་བསྐོས། ༢༠༡༦ ལོར་ལྡི་ལིའི་བོད་ཁྱིམ་སྡོད་ཁང་གི་དཔེ་མཛོད་དོ་དམ་པ་བྱས། མཐོ་སློབ་འགྲིམས་རིང་སློབ་གྲོགས་གཞན་གསུམ་དང་ལྷན་ ༼པོ་ཏ་ལ་རོལ་ཚོགས་༽ གསར་འཛུགས་ཀྱིས་ལྡི་ལིའི་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་བོད་པའི་ཚབ་མཚོན་གྱིས་རིག་གཞུང་འཁྲབ་སྟོན་ཐེངས་མང་བྱས། མཐོ་སློབ་འགྲིམས་ཞོར་སློབ་སྦྱོང་ཡག་པོ་ཡོད་ཀྱང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མདོ་སྨད་ཀྱི་སློབ་མ་ལྔ་ལ་ཧིན་སྒོར་འབུམ་གསུམ་ལྷག་གི་སྦྱིན་བདག་བཙལ། རེ་ཟུང་སློབ་མཐར་མ་ཕྱིན་བར་དུ་སློབ་ཡོན་ཙམ་མ་ཟད། ཉིན་རེའི་ཟས་སོང་སོགས་ལའང་སྦྱིན་བདག་རག ༢༠༡༨ ལོར་སློབ་ཆེན་སློབ་མ་དྲུག་ཅུ་ལྷག་འཁྲིད་དེ་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་དུ་ཞུགས་པ་དང་། ཚོགས་ཐོག་ཏུ་གཏམ་བཤད་དང་། ཚོགས་མི་བདུན་བརྒྱ་ལྷག་ནས་འོས་བསྡུས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་སུ་བདམས། དབུས་ཀྱི་མ་དངུལ་བེད་སྤྱོད་གཏོང་མ་དགོས་བའི་ཐོག་ལོ་རེར། བོད་དང་རྒྱ་དཀར་ནག་གཉིས་ཀྱི་མཁས་དབང་འདྲ་མིན་གྲངས་ཉི་ཤུ་ལྷག་གདན་ཞུས་ཀྱིས། སྔར་སྲོལ་མེད་པའི་ (དབུ་མའི་ལམ་ཐོག བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ།) ཐེངས་དང་པོ་དང་གཉིས་པ་སོགས་ཀྱི་སྦྱིན་བདག་ཟུར་དུ་བཙལ། མཐོ་སློབ་འགྲིམས་བཞིན་པའི་གཞོན་སྐྱེས་གྲངས་བརྒྱ་ལྷག་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་སོགས་བཀོད་སྒྲིག་གི་གཙོ་འགན་བཞེས། ༢༠༡༩ ལོར་སྐབས་བཅུ་པའི་རྡ་ས་ས་གནས་འཐུས་མིར་བདམས་ཐོན་བྱུང་བ་དང་། ༢༠༢༡ ལོར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར་ལས་ཁུར་ཞུ་མུས་ཡིན་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ། །