མིང༌། གསེར་རྟ་ཚུལ་ཁྲིམས།

གསེར་རྟ་ཚུལ་ཁྲིམས་ནི། ཁམས་གསེར་རྟ་རུ་སྐྱེས་ཤིང། རང་ལོ་ ༦ ནས་ས་གནས་སུ་གཞི་རིམ་སློབ་གྲྭར་སློབ་སྦྱོང་དང་། རགས་བཀྲམ་བྱམས་པ་གླིང་དང་གསེར་རྟ་བླ་རུང་ཆོས་སྒར་སོགས་ནས་བོད་ཀྱི་ཐུན་མོང་བརྡ་དག སྙན་ངག རྩིས། ལྷ་བྲིས་སོགས་དང༌། ཐུན་མིན་ནང་པ་སངས་རྒྱས་པའི་གཞུང་ཆེན་ཁག་ལ་སྦྱང་བརྩོན་བྱས།

ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་ཡོང་ནས་ཟླ་ཤས་རིང་གསོག་སློབ་ཏུ་སློབ་སྦྱོང་དང༌། དེའི་རྗེས་སུ་བོད་གཞུང་ཆོས་རིག་ལས་ཁུངས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩོམ་སྒྲིག་ཞིབ་འཇུག་གི་ལས་ཀ་བྱས།

ཕྱི་ལོ་ ༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་ཀྱིས་ད་བར་མི་ལོ་བཅོ་བརྒྱད་རིང་འགན་འཛིན་དང༌། བདུན་རེའི་གསར་ཤོག་<<བོད་ཀྱི་བང་ཆེན་>>དང་། བོད་ཀྱི་བང་ཆེན་དྲ་རྒྱ་བཅས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར། གཞན་ཡང་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་སོགས་ཀྱི་སྐོར་དཔྱད་བརྗོད་རྩོམ་ཡིག་གྲངས་ཆིག་སྟོང་ཙམ་སྤེལ་ཡོད་པ་མ་ཟད། དཔྱད་རྩོམ་དང་། ལོ་རྒྱུས། སྙན་རྩོམ་སོགས་རྩོམ་ཡིག་མང་པོ་ཞིག་བྲིས་ནས་བོད་ཕྱི་ནང་གཉིས་སུ་སྤེལ། དཔེ་དེབ་གང་མང་ཞིག་ཀྱང་གསར་རྩོམ་གྱིས་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་གི་དེབ་ཁག་ཅིག་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཟླ་ཟུང་དུས་དེབ་<<སྔ་འགྱུར་རིག་འཛིན་>>རྩོམ་སྒྲིག་དང་། ཇུས་འགོད། ཞིབ་འཇུག་བཅས་ཀྱི་འགན་གཅིག་ལྕོགས་ཀྱིས་ཁུར་ནས་ད་བར་དུས་དེབ་འདོན་ཐེངས་ ༥༠ ལྷག་ཙམ་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲེམས་སྤེལ་ཞུས།

ཕྱི་ལོ་ ༢༠༠༦ ལོར་སྐབས་བཅུ་བཞི་པ་དང་། ཕྱི་ལོ་ ༢༠༡༡ ལོར་སྐབས་བཅོ་ལྔ་པ། ཕྱི་ལོ་ ༢༠༡༦ ལོར་སྐབས་བཅུ་དྲུག་པ་བཅས་ཀྱི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་སླར་ཡང་སྐབས་བཅུ་བདུན་པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ནས་ལས་ཁུར་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༦ ནས་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་ནས་སྤྱི་འཐུས་རྒྱུན་ལས་དང་ཚོགས་ཆུང་ཁག་ཏུ་ལས་དོན་བསྒྲུབས་པ་དང་། ས་བགོས་བཞིན་གཞིས་ཆགས་ཁག་ཏུ་བསྐྱོད་ནས་མི་མང་གི་བདེ་སྡུག་ཆད་ལུས་མེད་པར་དབུས་སུ་ཞུ་རྒྱུ་དང་མཇུག་སྐྱོང་བརྡ་འདེད་སོགས་ཆད་ལུས་མེད་པ་བྱས། རྒྱ་གར་གྱི་མངའ་སྡེ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སོགས་སྔ་རྗེས་གང་མང་དུ་མཉམ་ཞུགས་བྱས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །