ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ནིན་སི་པི་ལོ་སི་ Nancy Pelosi མཆོག་གིས་དབུ་འཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ནིན་སི་པི་ལོ་སི་ Nancy Pelosi མཆོག་གིས་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Rep Jim Sensenbrenner མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Rep Eliot Engel མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Rep Jim McGovern མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Rep Betty McCollum མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇུ་ཌི་ཅུ་ Rep Judy Chu མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇོ་སི་བྷི་ཊི་ Rep Joyce Beatty མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་ Rep Pramila Jayapal མཆོག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་གྱི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང། དེ་རྗེས་ལྕམ་སྐུ་ནེན་སི་པི་ལོ་སི་ཡི་མཆོག་དང་། ཆེས་མཐོའི་སྐུ་ཚབ་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་རྭ་བར་གཟིགས་སྐོར་དུ་གདན་ཞུ་གནང་བ་དང་།  དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ནས་ལྕམ་སྐུ་ནིན་སི་པི་ལོ་སི་ Nancy Pelosi མཆོག་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་འབུལ་གནང་བ་དང་། ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་སྐུ་འཁོར་རྣམ་པ་བཅས་ལའང་ཕྱག་རྟགས་འབུལ་གནང་གྲུབ་མཚམས། ལྕམ་སྐུ་མཆོག་གིས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ངོ་བོའི་ཐོག་ནས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕྱག་རྟགས་ཤིག་ཀྱང་འབུལ་གནང་མཛད་པའི་གནས་ཚུལ་དུ།།