སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ནས་རྒྱ་གར་བྱང་ཤར་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་ཁག་གསུམ་དང་། བོད་མིའི་ཚོང་ལས་གཉེར་ས་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅།།སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ ནས་ ༢༥ བར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་དང་། དེ་བཞིན་ན་ག་ལན་ཌི་མངའ་སྡེའི་ནང་བོད་མིའི་ཚོང་ལས་གཉེར་ས་ཀོ་ཧི་མ་དང་། རྡི་མ་པུར་བཅས་ལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་རྡི་མ་པུར་མེ་འཁོར་བབས་ཚུགས་སུ་འབྱོར་འཕྲལ་མེའོ་ས་གནས་རྒས་གསོ་ཁང་གི་འགན་འཛིན་དང་རྡི་མ་པུར་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་རྗེས་ཀོ་ཧི་མར་བོད་མིའི་སུད་ཚོང་གཉེར་སར་འབྱོར་སྐབས་སུད་ཚོང་སྡེ་ཚན་གྱི་ཚོགས་གཙོ་ཚེ་རིང་ལགས་སོགས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་མ་ཟད། གོང་འཁོད་གཞིས་ཆགས་ཁག་ཏུ་ཕེབས་སྐབས་ཀྱང་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་ཡིས་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་དང་མི་མང་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་འདུག


ཕྱི་ཚེས་ ༡༠ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཀོ་ཧི་མ་དང་། རྡི་མ་པུར་ས་གནས་གཉིས་ཀྱི་བོད་མི་སུད་ཚོང་བ་རྣམས་སོ་སོར་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་དང་། དེ་ནས་ལས་རིམ་ལྟར། མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་། ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས། དེ་བཞིན་ཀྲུ་ཀྲིང་བཅས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་སློབ་གྲྭ་ཁག ས་གནས་སྨན་རྩིས་ཁང་དང་འཕྲོད་བསྟེན་སྨན་ཁང་། བུ་བཅོལ་ཁང། དགོན་པ། ཀྲུ་ཀྲིང་ནང་འཆི་མེད་གཡང་སངས་ཚོགས་པས་ཡན་ལག་སྨན་རྩིས་ཁང་ལ་གནང་བའི་ས་ཆ་དང་ལས་ཤག རྡིབ་རུ་གྷར་བོད་མིའི་སུད་ཚོང་ཁྲོམ་ས་སོགས་ལ་གཟིགས་བསྐོར་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད་གནང་སྟེ་ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད། དེ་མཚུངས་ཀྲུ་ཀྲིང་ནང་ཆགས་པའི་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་གྱི་འགྲེམས་སྟོན་ཁང་གི་གནའ་རྫས་རྙིང་པ་ཁག་དང་འདབ་སྦྲེལ་བྱིན་ཅན་སྐུ་གསུང་ཐུགས་རྟེན་བཞུགས་གསོལ་ཁག་ལ་མཆོད་མཇལ་ཞུས་གནང་བ་དང་། དེ་གའི་མཁན་པོ་མཆོག་ནས་རྡིབ་རུ་གྷར་གྱི་གཡས་གཡོན་དུ་མཐུན་སྦྱོར་གནང་བའི་བོད་རིགས་མི་མང་རྣམས་སྨན་གཏུགས་སྐབས་སྡོད་སའི་སྡོད་ཁྱིམ་དང་ཐབ་ཚང་སོགས་ལ་ཐུགས་ཞིབ་གནང་ཡོད་འདུག


གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་ཐེངས་ ༡༨ གནང་ཡོད་པ་དང་། ཐེངས་དེའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་མཆོག་ནས་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། མང་གཙོའི་ལམ་སྲོལ་ནང་གཞུང་མང་གཉིས་ཀྱི་འགན་དབང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།


ལྷག་པར་དུ་ཀྲུ་ཀྲིང་ས་འགོ་ཁྱབ་ཁོངས་གྲོང་གསེབ་ཀོ་པུ་དང་། བོ་ན། དགེ་གླིང་གྲོང་། ནོར་བུ་གླིང་། ཉེ་རིང། མང་གྷོ་ཊ། ཡོར་གཏོང། སྙུག་ཁང་། བི་ཧ་རི་ལེན། པད་ཀོང་། ཨེལ་སི་ལེན། པི་ཨཡེ་ལེན། ལ་ལིང་བཅས་ལ་རེ་རེ་བཞིན་ཕེབས་ཏེ་གཟིགས་བསྐོར་དང་མི་མང་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལུང་འདྲེན་གྱིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཤེས་ཆེད་བོད་ཡིག་དང་བོད་སྐད་ལ་ཐུགས་སྣང་དགོས་པའི་ལམ་སྟོན་གནང་བ་མ་ཟད། མ་འོངས་པ་སྤྱི་འཐུས་ཕྱོོགས་ཕེབས་སྐབས་སྐད་བསྒྱུར་མེད་པར་ཐད་ཀར་གོ་ཐུབ་པའི་གནས་བབས་ཡོང་ཐུབ་པའི་ལམ་སྟོན་གནང་བར་མང་ཚོགས་ནས་སྦྱང་བརྩོན་བྱ་རྒྱུའི་ཁས་ལེན་གནང་ཡོད།


ཕྱོགས་མཚུངས་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་ཀྱི་སློབ་དཔོན་གྱི་རེ་སྐུལ་ལྟར། དགོན་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་སྐོར་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་ས་གནས་ཁག་གི་སློབ་གྲྭ་སོ་སོའི་དགེ་ལས་སློབ་ཕྲུག་ཚོར་རང་ཉིད་ཁྱིམ་ཚང་དང་མི་ཚེ་འཁྱོལ་ཙམ་མ་ཡིན་པར། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་ན་གཞོན་ཤེས་འཇོན་བཟང་སྤྱོད་ཀྱི་ཕྱུགས་པ་ཞིག་ཡོང་བ་བྱ་རྒྱུར་དགེ་ལས་རྣམས་ནས་ཐུགས་བརྩེ་བྱམས་སྐྱོང་གིས་གསོ་སྐྱོང་གནང་དགོས་པ་དང་། སློབ་ཕྲུག་རང་ངོས་ནས་ཀྱང་རང་ཁྲིའི་ལས་འགན་ཐོག་འབད་བརྩོན་ལྷོད་མེད་གནང་དགོས་པ་མ་ཟད། སློབ་ཕྲུག་ནང་ཁུལ་མཐུན་སྒྲིལ་གྱིས་གཅིག་ཕན་གཅིག་གྲོགས་བྱ་དགོས་པ་དང་། ཆབས་ཅིག་ཕ་མ་རྣམས་ནས་ཀྱང་ན་གཞོན་རྣམས་ལམ་ནོར་དུ་མ་འགྲོ་བའི་འགན་འཁྱེར་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་འདུག


དེ་བཞིན་སློབ་ཕྲུག་དང་མི་མང་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༩ རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད། ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།