སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་ཨ་རིའི་གྲོང་ཁྱེར་ཤི་ཁ་གོར༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་གཞུང་འབྲེལ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ནས་ ༨ བར་ཨ་རིའི་གྲོང་ཁྱེར་ཤི་ཁ་གོ་ (Chicago) བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཨ་རིའི་དཀྱིལ་ནུབ་ཁུལ་གྱི་འདུ་འཛོམས་ཆེན་མོའི་ཐོག་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོ

དེ་ཡང་སྐུའི་འཁྲུངས་སྐར་ཉིན་གྱི་མཛད་སྒོའི་ཐོག་མར་ ༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་ནང་གདན་ཞུས་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ནས་སྐུ་ཕྱག་དང་མཇལ་དར་སྒྲོན་འབུལ་ཞུས་གནང་བ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཞལ་འདོན་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལེགས་པར་གྲུབ་རྗེས། ཨ་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་ནས་རྟེན་འབྲེལ་མཚོན་སླད་སྐུའི་འཁྲུངས་སྐར་གྱི་མངར་ཟས་ (cake) དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གནང་ཡོད་འདུག

དེ་རྗེས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་དང། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བ་སྦྲགས། མང་ཚོགས་ལ་ཆོལ་ཁ་དང་ཆོས་ལུགས་ལྟ་གྲུབ་སོགས་ཀྱི་འཐེན་འཁྱེར་ཆ་ཚང་དོར་ནས་བོད་མིའི་ཆིག་སྒྲིལ་དང་རྩ་དོན་ལ་འབད་འབུངས་ཆེ་བསྐྱེད་གནང་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་འདུག དེ་ནས་ས་གནས་ཁག་གི་བོད་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་ཁག་གཟིགས་འབུལ་ཞུས་གནང་ཡོད་པ་དང་།

དེ་བཞིན་སྐབས་དེར་བོད་རིགས་གཞོན་སྐྱེས་དབར་རྐང་རྩེད་སྤོ་ལོ་དང་སིལ་སྤོལ་འགྲན་སྡུར་དབུ་འཛུགས་གནང་བ་དང། དགོང་མོར་ས་གནས་ཁག་སོ་སོ་ནས་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་འདུག ཐེངས་དེའི་འཁྲབ་སྟོན་ནང་མཉམ་ཞུགས་གནང་མཁན་ཚོར་སྐུ་མགྲོན་གཙོ་བོ་མཆོག་གིས་མཇལ་དར་ཕུལ་གནང་བ་དང་ཆབས་ཅིག ཚང་མས་བོད་མིའི་ངོ་བོ་སྲུང་སྐྱོབ་ཐོག་རང་འགན་རང་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

འདུ་འཛོམས་ཆེན་མོ་དེའི་ནང་ས་གནས་མི་ནི་སོ་ཊ་ (Minnesota) དང་། ལྦི་སི་ཀོན་སིན (Wisconsin)  ཤི་ཁ་གོ་བཅས་ཀྱིས་གཙོ་ས་གནས་གཞན་ཁག་གི་བོད་མི་རྣམས་ནས་ཀྱང་མཉམ་ཞུགས་གནང་འདུག འདུ་འཛོམས་དེ་བརྒྱུད་བོད་རིགས་གཞོན་སྐྱེས་དབར་ངོ་སྤྲོད་དང་འབྲེལ་བ། ལྷག་པར་དུ་བོད་མིའི་ངོ་བོ་མི་ཉམས་རྒྱུད་འཛིན་གྱི་སྡིངས་ཆ་གལ་ཆེན་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །