རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གོ་པལ་ནཱ་རཱ་ཡན་སིངྒ་ (Gopal Narayan Singh) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇཱ་ནར་དན་སིངྒ་ (Janardan Singh Sigriwal) མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས་སྣེ་ལེན་དང་གྲོས་ཚོགས་ཚོགས་ཁང་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་སྐུ་པར་བསྒྲོན་པ་དང་། དེ་ནས་གྲོས་ཚོགས་ཀྱི་ལས་རིམ་ངོ་སྤྲོད་ཞུས་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གི་ལས་ཁུངས་སུ་གསོལ་ཇ་འདེགས་འབུལ་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༠ ཙམ་གྱི་རིང་རྒྱ་གར་གཞུང་གིས་བོད་མིའི་ཤེས་ཡོན་གྱིས་གཙོས་པའི་མཐུན་འགྱུར་གང་དགོས་ཐོག་རོགས་རམ་རྒྱ་ཆེ་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་ནི་གླིང་ཆེན་ཨེ་ཤེ་ཡའི་ནང་བབས་པའི་ཆུ་བོ་ཆེ་ཁག་རྣམས་ཀྱི་འབྱུང་ཁུངས་ཡིན་པར་བརྟེན། འཛམ་གླིང་སྤྱི་དང་། དམིགས་བསལ་བོད་ཀྱི་ཁྱིམ་མཚེས་རྒྱ་གར་གྱིས་གཙོས་རྒྱལ་ཁབ་ཁག་ལ་བོད་ཀྱི་ཁོར་ཡུག་ཇི་ཙམ་གལ་ཆེན་ཡིན་སྐོར།

དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་མི་འབོར་སྤོ་ཤུགས་བྱས་ཏེ་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་རིམ་པས་རྩ་བརླག་ཏུ་གཏོང་བཞིན་ཡོད་པའི་སྐོར། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་རྐྱང་པའི་ཐོག་ནས་སློབ་ཚན་འཁྲིད་ཐབས་ཀྱིས་བོད་ཕྲུག་ཚོར་རང་རེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་སྐོར། དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་རྣམས་ཡང་དག་པ་ཤེས་ཐབས་ལ་བོད་ཀྱི་སྐད་ཡིག་དགོས་མཁོ་ཆེ་བ་སོགས་བོད་ཀྱི་སྐད་ཡིག་གལ་ཆེའི་སྐོར། བོད་ཀྱི་གནད་དོན་ཞི་འགྲིག་ཡོང་བ་ཡིན་ན། ས་མཚམས་ལ་འགྲོ་སོང་ཕོན་ཆེ་གཏོང་དགོས་དང་རྙོག་གྲ་མེད་པ་མ་ཟད། ཨེ་ཤེ་ཡའི་ནང་ཞི་བདེ་ཡོང་རྒྱུར་ཕན་རླབས་ཆེན་པོ་ཡོད་སྐོར་སོགས་གསུངས་གནང་བ་མ་ཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན། སྐུ་ཞབས་ཁོང་རྣམ་གཉིས་ཀྱིས་ཀྱང་བོད་དོན་ཐོག་ཐུགས་ཁུར་གནང་རྒྱུའི་ཞལ་བཞེས་དང་། བོད་དོན་ཐོག་རྒྱ་གར་གྱིས་དོ་སྣང་གནང་དགོས་པ་གལ་ཆེ་ཞིག་ཆགས་ཡོད་པའི་སྐོར་བཅས་གསུངས་གནང་ཡོད།

ཕྱི་ཚེས་ ༦ ཉིན་གཞུང་འབྲེལ་སྐུའི་འཁྲུངས་སྐར་མཛད་སྒོ་གྲུབ་རྗེས། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་སྐུ་ཞབས་ཁོང་རྣམ་གཉིས་དང་། དེ་བཞིན་རྒྱ་གར་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒན་གྲས་དང་། (Delhi Study Group) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ཇེ་ཇོ་ལི་ (Vijay Jolly) མཆོག་དང་། གཞན་ཡང་བུ་པེན་ད་ར་ཀན་སལ་ (Bhupendra Kansal) མཆོག་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་ཀྱང་ཕེབས་ཏེ་གུང་ཚིགས་མཉམ་བཞེས་གནང་ཡོད་པ་མ་ཟད། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཀྱང་ཕུལ་གནང་ཡོད་པ་བཅས། །