བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ ཕྱི་ལོ་ ༢༠༡༨།༣།༡༤ ནས་ ༢༤ བར་བསྐྱངས་གནང་བའི་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད།

 དེ་རིང་ང་ཚོ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད་རེད། ཚོགས་གཙོས་དང་པོ་དབུ་འབྱེད་ཀྱི་གཏམ་བཤད་ནང་དུ་ཞུས་པ་ལྟར། གྲོས་ཚོགས་ཀྱི་ལས་རིམ་དེ་ཚོ་ཚགས་ཚུད་པོའི་ངང་ནས་ཚང་མ་བསྐྱངས་ཐུབ་ཡོད། ལས་རིམ་ནང་ལ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༡༨་་་༡༩ ལོའི་སྔོན་རྩིས་ཀྱི་རྒྱུན་གྲོན་རེད། དམིགས་བསལ་རེད། ཟུར་བཀོལ་རེད། ཁྱོན་བསྡོམས་པའི་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྷག་ཙམ་ཞིག་ང་ཚོའི་གྲོས་ཚོགས་འདིའི་ནང་བགྲོ་གླེང་དང་། དེའི་ནང་ནས་ལས་ཁུངས་ཁག་གསུམ་ཙམ་གྱི་མཐའ་མའི་དངུལ་འབོར་གྱི་བསྡོམས་དེ་ལ་འགྱུར་བ་ཕྱིིན་པ་རེད་མ་གཏོགས། ཐོག་མའི་བཀའ་ཤག་གི་འཆར་འབུལ་གང་གནང་བ་དེ་གྲོས་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་གནང་ཐུབ་ཡོད་ཅེས་དེ་གཅིག་ཞུ་རྒྱུ་ཡིན། དེ་དང་འབྲེལ་བའི་ཐོག་ནས་གལ་ཆེ་བ་གཅིག ལས་འཆར་དངོས་སུ་ལག་ལེན་བསྟར་ཡོང་སྐབས། དབུས་ཀྱི་ལྷན་ཁང་ཡིན་ནའང་འདྲ། ས་གནས་ཀྱི་ལས་ཁུངས་ཁག་ཡིན་རུང་། འབྲེལ་ཡོད་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལ་ཡིན་ནའང་། ལས་འཆར་དེ་ཚོ་སྤྱི་པ་རང་གི་ཐོག་ལ་འབྲེལ་བ་ཡོད་ན་སྤྱི་པ་རང་ལ་ཕན་ཐོགས་ངེས་ཅན་ཡོང་ཐུབ་པ་ཞིག་དང་། དེ་དེ་བཞིན་གྱི་ཉམ་ཐག་གི་གནས་སྟངས་རེད། དེ་ལས་གཞན་པའི་སྒེར་སོ་སོའི་གནས་སྟངས་ཀྱི་ཐོག་ལ་རོགས་འཆར་ལྟ་བུ་ཡོད་ན། དེ་ཚོའི་གྲས་དོན་དུ་སྨིན་ཐུབ་པ་བྱེད་དགོས་པ་དེ་འབྲེལ་ཡོད་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད་སྟབས། དེའི་ཐོག་ནས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཞིག་འདུག་ཅེས་གསལ་འདེབས་ཞུ་རྒྱུ་ཞིག་ཡིན།

དེ་བཞིན་ང་ཚོའི་གྲོས་ཚོགས་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་བྱུང་ཡོད་རེད། དེ་བཞིན་གྱི་སྐར་རྟགས་ཅན་གྱི་དྲི་བ་གསུམ་ནང་ནས་གཅིག་ཕྱིར་འཐེན་བྱས་ནས་གཉིས་ཕེབས་ཐུབ་ཡོད་རེད། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གཅིག་དང་། གྲོས་ཆོད་གྲོས་འཆར་ནང་ནས་གལ་ཆེ་བ་གཅིག བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཆ་ཤས་བཞེས་རྒྱུ་དང་། བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་རེད། རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད། ཁོར་ཡུག་གི་གནས་སྟངས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཆོས་དད་རང་མོས་ཀྱི་གནས་སྟངས། སྐད་ཡིག་གི་གནས་སྟངས། དེ་ཚོ་ཐད་ལ་བགྲོ་གླེང་གང་འཚམ་གནང་ཡོད་རེད། སྔོན་མིའི་གྲོས་ཚོགས་ནང་དུ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཐོག་བགྲོ་གླེང་གནང་སྟངས་ལས་ད་རེས་ཀྱི་གྲོས་ཚོགས་ཀྱི་ཚོགས་དུས་ལྔ་པའི་ཐོག་བགྲོ་གླེང་གནང་ཚུལ་ཏོག་ཙམ་ཡག་དུ་ཕྱིན་པ་དེ་འདྲའི་ཚོར་སྣང་བྱུང་ཞེས་ཞུ་རྒྱུ་ཡིན།

ང་ཚོའི་གྲོས་ཆོད་གྲོས་འཆར་གཅིག་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དགུ་པ་བསྐོ་འཛུགས་གནང་རྒྱུ་དེ་རེད། དེ་རིམ་གྱིས་སྙན་ཐོར་འབྱོར་རྒྱུའི་གནང་སྟངས་ཆགས་ཡོད་རེད། དེ་བཞིན་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ཐོག་བློ་ངེས་བྱུང་བའི་གྲོས་ཆོད་གཅིག་འཇོག་ཐུབ་པ་བྱུང་ཡོད། དེ་བཞིན་ལས་དོན་གལ་ཆེ་བ་གཅིག་ཁྲིམས་བཟོའི་ལས་དོན་ཆགས་བསྡད་ཡོད་རེད། ཡིན་ནའང་གྲོས་ཚོགས་ཚོགས་དུས་ལྔ་པ་འདིའི་ཐོག་ཁྲིམས་བཟོའི་ལས་དོན་ཆེས་ཉུང་ཉུང་ཆགས་ཡོད་རེད། འགའ་ཤས་མ་གཏོགས་ཡོད་མ་རེད། སྤྱིི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་གཞིར་བསྐྱར་བཅོས་དང་། དེ་བཞིན་འདེམས་ལྷན་གྱི་སྒྲིག་གཞིར་བསྐྱར་བཅོས་ཤིག་འཛིན་སྐྱོང་ནས་བསྣམས་ཡོད་ཀྱང་། དེ་ཐོན་ཐུབ་ཡོད་མ་རེད། འདིའི་ཐོག་ལ་བསམ་ཚུལ་ཞུ་རྒྱུ་ཞིག་ལ་འཛིན་སྐྱོང་གི་ངོས་ནས་སྒྲིག་གཞི་བསྐྱར་བཅོས་གནང་དགོས་པ་དེ་ལ་དགོངས་པ་ཟབ་མོ་བཞེས་དགོས་པ་ཆགས་ཀྱི་འདུག རྩ་བའི་གྲོས་ཚོགས་ཚོགས་དུས་སྔོན་མར་བསྣམས་ནས་མ་ཕྱིན་པ་དེ་བསྐྱར་དུ་ཡང་ཡང་ཁུར་ཡོང་ན་འགྲོ་གི་རེད་དམ་མ་རེད། དང་པོ་ནས་དགོངས་པ་བཞེས་པ་ཡིན་ན། དེའི་ཐོག་ནས་གྲོས་ཚོགས་ནང་དུ་བགྲོ་གླེང་དང་དུས་ཚོད་རེད་གང་ཅིའི་ཐོག་ནས་ཏོག་ཙམ་ཁྱད་པར་མེད་དམ་སྙམ། དེ་འདྲའི་དགོངས་བཞེས་གནང་དགོས་པ་མཐོང་སོང་།

དེ་ནས་ལས་རིམ་གཅིག་དེ་བཀའ་བློན་གྱི་འོས་འདེམས་དེ་ཆགས་བསྡད་ཡོད་རེད། འབུམ་རམས་པ་པདྨ་དབྱངས་ཅན་ལགས་མང་མོས་ཀྱི་ཐོག་ནས་བཀའ་བློན་ལ་འདེམས་ཐོན་བྱུང་ཡོད་རེད། མོ་རང་ཡིན་ནའང་སྒྲིག་འཛུགས་ནང་ལ་ཕྱག་ལས་གནང་རྒྱུའི་འདོད་པ་ཡོད་པ་དང་། མི་རིང་བར་ལས་འཆར་དམ་འབུལ་ཞུ་རྒྱུ་དང་། ལས་ཀ་དངོས་སུ་འགོ་བཙུགས་ཏེ་ལས་དོན་དེ་ཚོ་ལམ་ལྷོངས་ཡོང་བར་གྲོས་ཚོགས་ཀྱི་ངོས་ནས་སྨོན་འདུན་ཞུ་རྒྱུ་ཡིན། དེ་གཅིག་ཞུ་རྒྱུ་དང་།

ལས་རིམ་གལ་ཆེ་ཤོས་གཅིག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་དེ་ཆགས་ཡོད་རེད། དེའི་ཐོག་ལ་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་ནས། གནད་དོན་མང་པོ་ཞིག་གླེང་སློང་གནང་ཡོད་རེད། དེ་ཡིན་དུས་དེའི་ཐོག་ནས་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ཡིན་ནའང་འདྲ། ཆབ་སྲིད་ཀྱི་ལྟ་གྲུབ་འཛིན་སྟངས་ཟེར་ན་འདྲ། གང་ལྟར་གནས་ཚུལ་དེའི་ཐོག་ནས་མ་འོས་པར་ལག་བསྟར་གནང་བའི་སྐབས་སུ་དོན་དང་མཐུན་པ་གནད་དུ་སྨིན་པ་ཞིག་ཡོང་ཐུབ་རྒྱུ་ཆབ་སྲིད་ཀྱི་གནས་སྟངས་ཡིན་ན་འདྲ། འཛིན་སྐྱོང་གི་ལས་དོན་ཡིན་ནའང་འདྲ་དེ་འདྲ་ཡོང་ཐུབ་རྒྱུར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་དགོངས་འཆར་ཕུལ་བ་དང་། འཛིན་སྐྱོང་བཀའ་ཤག་གིས་དགོངས་བཞེས་གནང་ཕྱོགས་ཀྱི་ཐོག་ནས་ལས་རིམ་དེ་དག་ཡག་པོ་བྱུང་སོང་ཞེས་དེ་གཅིག་ཞུ་རྒྱུ་ཡིན།

ལས་རིམ་སྐྱོང་པའི་སྐབས་སུ་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། ༸སྐུའི་བླ་སྨན་པ་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་གཉིས་ལ་རྒྱ་གར་གཞུང་གིས་གཞུང་འབྲེལ་གྱི་ཐོག་ནས་གལ་ཆེའི་གཟེངས་རྟགས་གནང་བ་དང་། ཐོབ་ཐུབ་པ་དེ་ལ་གྲོས་ཚོགས་འདིའི་ཐོག་ནས་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུ་ཡིན།

དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པས་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་ཆ་ཤས་བཞེས་པའི་སྐབས་སུ་བསམ་ཚུལ་སྤུང་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་རེད། བོད་དོན་བདེན་མཐའ་གསལ་ཐབས་དེ་ཚོའི་ཐོག་ལ་གཙོ་བོ་དངོས་ཤུགས་རྒྱུད་གསུམ་ནས་ཐུགས་ཕན་སོས་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་བ་ཐོག་མར་ཚོགས་གཙོ་གཉིས་ཀྱིས་གང་སྒྲིག་པ་ནང་བཞིན་མཇུག་སྐྱོང་ཐུབ་པ་དེ། གཙོ་བོ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཚང་མའི་ཐོག་ནས་ནུས་པ་མཉམ་སྤུང་དང་། འགན་ཁུར་མཉམ་བཞེས་ཀྱི་ཐོག་ནས་བྱུང་བ་ཡིན་དུས་འཛིན་སྐྱོང་བཀའ་ཤག་དང་བཀུར་འོས་སྤྱི་འཐུས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་།

དེ་བཞིན་ལས་རིམ་སྐྱོང་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་བཞེས་སྟངས་ཡིན་ནའང་འདྲ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཆ་ཤས་བཞེས་སྟངས་ཡིན་ནའང་འདྲ། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་སྔར་ལས་ཐུགས་སྣང་ཆེ་བ་གནང་གི་ཡོད་པ་དང་། དེ་བཞིན་ཡར་རྒྱས་ཀྱི་རྣམ་པ། བགྲོ་གླེང་སོགས་ཀྱི་གནས་ཚད་ཡག་ཏུ་འགྲོ་གི་ཡོད་པའི་ཚོར་སྣང་བྱུང་། ཡིན་ན་ཡང་གྲོས་ཚོགས་ཚོགས་ཐེངས་ལྔ་པ་འདིའི་ཐོག་སྒེར་སོ་སོ་དཀར་འདོན་ཡོང་ཐབས་ལ་བཅའ་ཁྲིམས་ལུང་འདྲེན་གནང་རྒྱུ་དང་། ཚོགས་སྡེ་སྒེར་སོ་སོ་ནས་ཡིག་ཆུང་སྙན་སྒྲོན་གནང་རྒྱུ། དེ་ག་ནང་བཞིན་གྱི་སོ་སོ་དང་འབྲེལ་བའི་ཐོག་ནས་ཡིག་ཆ་སྙན་སྒྲོན་གནང་མཁན་དེ་འདྲའི་རིགས་ཤིག་བྱུང་སོང་། དེ་ག་ནང་བཞིན་ཚིག་མཚོན། སྤྱི་འཐུས་ནང་ཕན་ཚུན་ལ་ཚིག་མཚོན་བཤད་རེས་བྱེད་རྒྱུ་དེ་འདྲ་ཤུགས་ཆེན་པོ་ཐོན་སོང་བསམ་པའི་ཚོར་སྣང་བྱུང་། འབྱུང་འགྱུར་དེའི་རིགས་མི་ཡོང་བ་གཙོ་དོན་གནང་དགོས་རྒྱུ་དེ་གལ་ཆེན་པོ་འདུག རྒྱུ་མཚན་ག་རེ་རེད་ཟེར་ན། ང་ཚོ་སྤྱི་པའི་སྤྱི་མི་ཞིག་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་སྒེར་ལས་སྤྱི་པའི་སྒྲིག་འཛུགས་དང་། སྤྱི་པའི་ལས་དོན་ཐོག་ལ་གལ་ཆེ་བརྩི་མཁན་ཡིན་དུས་དེ་ཚོའི་ཐོག་ལ་ཏོག་ཙམ་དགོངས་པ་བཞེས་དགོས་གལ་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང་།

དེ་ནས་བཀའ་མོལ་གསུང་བའི་སྐབས་སུ་ཡིན་ན་ཡང་། ཚོགས་གཙོ་ལ་ཁ་ཕྱོགས་ནས་གསུང་དགོས་པ། དེ་ཡང་སྐད་ཡིག་གཞན་བེད་སྤྱོད་གཏོང་དུས་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་དགོས་རྒྱུ། གཞན་ཡང་གྲོས་ཚོགས་ཀྱི་ཚོགས་མི་རེད། ཟུར་ཉན་པ་རེད། ལས་བྱེད་རེད། དེ་ཚོ་མིང་འབོད་གནང་དགོས་དུས་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་དགོས་རྒྱུ། ལས་རིམ་རྣམ་གཞག་སྟོན་པ་དེ་ཚོ་ཚད་དང་ལྡན་པ་ཞིག་ཡོང་ཐུབ་དགོས་རྒྱུ་ལ་ད་དུང་དགོངས་བཞེས་གནང་དགོས་ཀྱི་འདུག དེ་བཞིན་ཚོགས་སྡེ་བྱེ་བྲག་པ་རེད། སྒེར་སོ་སོའི་སྤྱོད་ཚུལ་ཐོག་ལ་གླེང་སློང་བྱེད་མི་དགོས་པ་གཙོ་བོ་གཙོ་འདོན་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོ་གྲོས་ཚོགས་ཀྱི་སྡིངས་ཆ་འདི་གཙོ་བོ་བོད་སྤྱི་པ་དང་བོད་མི་ས་ཡ་དྲུག་གི་ཁེ་ཕན་དང་འབྲེལ་བ་ཆགས་བསྡད་ཡོད་རེད། དེ་འདྲའི་དོན་གནད་ཁག་ལ་བགྲོ་གླེང་དང་དུས་ཚོད་མང་བ་གཏོང་ཐུབ་པ་ཡིན་ན། འཕྲལ་ཕུགས་གཉིས་ཀ་ལ་ཕན་ཐོགས་ཆེ་བ་ཡོང་བ་དང་། དེ་ན་གྲོས་ཚོགས་ཀྱི་ཆེ་མཐོང་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་སྐད་ཡིག་ཡིན་ནའང་འདྲ། གནས་ཚད་མཐོ་རུ་འགྲོ་རྒྱུ་རང་བཞིན་གྱིས་ཆགས་ཀྱི་འདུག དེའི་ཐོག་ལ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་དགོངས་པ་ཟབ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་འདོད་བྱུང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲིམས་ཀྱི་འགན་དབང་བཀུར་བའི་གནད་དོན་རིགས་གཅིག་ཡོད་རེད། གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མའི་སྤྱི་ཚོགས་བདེ་ཐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། གནས་སྐབས་སུ་གཞིས་ལུས་བོད་མི་རྣམས་དཀའ་ངལ་ལས་སྐྱོབ་ཐབས་བྱ་རྒྱུ་དེ་འཁོད་ཡོད་རེད། ལྷག་པར་དུ་སྒྲིག་འཛུགས་ཀྱིས་བསྒྲུབ་བྱ་གཙོ་བོ་དེ་བོད་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་ལ་འབད་བརྩོན་གནང་དགོས་རྒྱུ་དེ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོ་བོད་མི་སྒྲིག་འཛུགས་ཀྱིའགན་ཁུར་མཁན་ཚང་མས་དོན་གནད་གལ་ཆེ་བ་དེ་དག་གི་ཐོག་ལ། ཐབས་དང་བྱུས་ལྡན་པའི་ཐོག་ནས་འགན་ཁུར་སྔར་ལྷག་གནང་དགོས་རྒྱུ་དང་། ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ནང་དུ། ཉེ་བའི་ལོ་གཉིས་གསུམ་གྱི་ནང་དུ་འགྱུར་བ་འགྲོ་རྒྱུའི་ཁོར་ཡུག་གཅིག་ཡོད་པ་ཞིག་གསུངས་རེད། དེ་ཡང་ཁེ་དང་ཉེན་ཁ་གཉིས་ཀ་ཡོད་པ་ཞིག་གསུང་དུས་འཛིན་སྐྱོང་བཀའ་ཤག་ཡིན་ན་འདྲ། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཡིན་ནའང་འདྲ། ང་ཚོ་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་དེ་ཤུགས་ཆེ་རུ་གཏོང་ཐུབ་རྒྱུ་དང་། དམིགས་ཚད་འཛིན་ཐུབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག དེ་བཞིན་རྒྱ་ཆེ་མང་ཚོགས་ནས་ཀྱང་། དེ་ལ་ཐུགས་སྣང་དང་གཞོགས་འདེགས་ཞུ་ཐུབ་དགོས་ཀྱི་འདུག དེ་འདྲའི་ཐོག་ལ་ལྷག་བསམ་དང་སེམས་ཤུགས་སྔར་ལས་ཆེ་རུ་འགྲོ་ཐུབ་རྒྱུའི་ནུས་པ་འདོན་དགོས་ཀྱི་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་བོད་ནང་གི་བོད་མི་རྣམས་རེད། བཙན་བྱོལ་ནང་གི་བོད་མི་རྣམས་རེད། ལྷག་པར་དུ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་དང་ཡིད་ཆེས་གནང་བ་དང་། བོད་མི་སྒྲིག་འཛུགས་ལ་ཆེ་མཐོང་དང་ནུས་པ་ཞིག་རང་བཞིན་གྱིས་བསླེབས་བསྡད་ཡོད་རེད། དེ་བཞིན་ལོ་རྒྱུས་ཀྱི་བྱུང་རབས་དང་འབྲེལ་བའི་ཐོག་ནས། གལ་ཆེའི་སྒྲིག་འཛུགས་ཀྱི་རང་བཞིན་ཞིག་ཆགས་བསྡད་དུས། དེ་བཞིན་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་དེ་དག་ཚང་མར་རྒྱལ་སྤྱིའི་ནང་ནས་ཆེ་མཐོང་དང་། དམིགས་བསལ་ཐུགས་སྣང་གནང་སའི་གཞི་ཆགས་ཡོད། དེ་དག་གི་ནུས་པའི་འབྱུང་ཁུངས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་བཞིན་ཁོང་གི་ཐུགས་བསྐྱེད་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོས་དུས་རྒྱུན་དུ་ནས་ལས་དོན་གང་བརྩམ་པ་ཡིན་ནའང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཞུ་ཐུབ་དགོས་པ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གང་གནང་གི་ཡོད་པ་བཞིན། སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ཡིན་ནའང་འདྲ། བོད་རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ། བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པ་ཞུ་ཐུབ་དགོས་རྒྱུ་དེ། ང་ཚོ་བོད་མི་ཚང་མའི་དམིགས་ཡུལ་དང་ལས་འགན་གལ་ཆེ་ཤོས་ནང་གི་ཆེ་ཤོས་ཤིག་ཆགས་ཀྱི་འདུག

དེ་བཞིན་བོད་མི་ཚང་མས་ཁ་སང་དབུ་འབྱེད་ཀྱི་གཏམ་བཤད་ནང་ལ་ཞུས་པ་ནང་བཞིན་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་ཡོང་ཐབས། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་དགུང་སྐེག་གི་སྔོན་འགྲོ་ཡི་ལོ་ཆགས་བསྡད་ཡོད་པ་རེད། ལོ་གཞུག་མ་དངོས་གཞིའི་ལོ་ཆགས་བསྡད་ཡོད་པ་རེད། དེ་ཚོའི་ཐོག་ལ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ལ་ཉེར་འཚེ་ཕྲ་མོ་ཙམ་ཡང་མི་བཞེས་པའི་གསོལ་འདེབས་ཞུ་རྒྱུ་ཞིག་དང་། ལྷག་པར་དུ་ང་ཚོ་ཚུར་མཐོང་ཉེར་འཚེ་དེ་འདྲ་མི་བཞེས་པའི་ཆེད་དུ་སྲོག་བླུ་གཏང་རྒྱུ་དང་། དགེ་སྒྲུབ་སྡིག་སྤོང་བྱ་རྒྱུ་དེ་ཚོའི་ཐོག་ལ་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་དེ་གཅིག་ཞུ་འདོད་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་ནས་བཀའ་སློབ་གསུང་བསྡད་རྒྱུ་དེ། ང་ཚོ་ཆོལ་ཁ་ཆོས་ལུགས་དང་བཅས་པ་མཐུན་ལམ་དེ་ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་འདྲ། སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་ཡིན་ནའང་འདྲ། གལ་ཆེ་བ་གཅིག་ཡོངས་གྲགས་རྩིས་བསྡད་ཡོད་པ་རེད། དེ་ཡིན་དུས། ང་ཚོས་ཞབས་རིམ་དང་དགུང་སྐེག་ནང་ནས་ཞབས་རིམ་ཡག་ཤོས་དེ་ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་དེ་འགྱུར་བ་མེད་པ་དང་ལྕགས་ཀྱི་གོང་བུ་ནང་བཞིན་ཟེར་ན་མི་འདུག གང་ལྟར་དེ་འདྲ་ཞིག་བོད་མི་ཚང་མས་བསམ་བློ་བཏང་ནས་བཅངས་དགོས་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོ་བཙན་བྱོལ་ལ་གནས་པའི་རིང་ལ་ང་ཚོ་ནང་ཁུལ་གྱི་ཆབ་སྲིད་ལྟ་བུའི་འཁོར་ལོ་བསྐོར་བ་ཡིན་ན། ང་རང་ཚོ་ནུས་པས་མི་འདང་བ་གསལ་པོ་རེད། ནུས་པས་མི་འདང་བ་ཟེར་དུས། གང་ཟག་སྒེར་གཅིག་གིས་སྒེར་གཅིག་ལ་ཁ་གཏད་གཅོག་མི་ཐུབ་པའི་གནས་སྟངས་མ་རེད། ང་རང་ཚོ་བཙན་བྱོལ་གྱི་གནས་སྟངས་ཚང་མ་གཞན་དབང་སྟབས་བསྟུན་ཉག་གཅིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་མི་འབོར་གྱི་ཐོག་ནས་ཡིན་ནའང་འདྲ། དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་འདྲ། སྤྱི་ཚོགས་ཀྱི་གནས་བབ་ཚང་མའི་ཐོག་ནས་ཡོང་དཀའ་བ་ཆགས་ཀྱི་ཡོད། དེ་ཡིན་དུས་བོད་མི་ཚང་མ་ནུས་པ་མཉམ་སྤུངས་དང་འགན་འཁུར་མཉམ་བཞེས་ཡོང་ཐུབ་རྒྱུ་ལ་ཚང་མས་འབད་བརྩོན་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

དེ་ནས་སྤྱི་ཚོགས་ནང་ལ་འགན་འཁུར་མཁན་ཡིན་ནའང་འདྲ། བོད་མི་མང་ཚོགས་ཡིན་ནའང་འདྲ། སྤྱི་ཚོགས་དྲ་རྒྱའི་ནང་ལ་འགན་འཁུར་མེད་པའི་གཏམ་བཤད་འདྲ་མིན་གནང་རྒྱུ་དང་། དེ་བཞིན་རྩོམ་འབྲི་རྒྱུ་ལ་སོགས་པ་འདྲ་མིན་གནང་རྒྱུ་དེ་ཚོའི་གྲས་དེར་དགོངས་པ་བཞེས་དགོས་རེད་བསམ་གྱི་འདུག དང་པོ་སྒེར་སོ་སོའི་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་ག་རེ་གནང་ཐུབ་ཡོད། ནུས་པ་ག་རེ་ཐོན་ཡོད། དེ་བཞིན་སོ་སོའི་ཁྱིམ་ཚང་རེད། སོ་སོའི་ཉེ་འབྲེལ་རེད། དེ་ཚོ་ལ་ཕན་ཐོགས་ཐུབ་རྒྱུའི་ནུས་པ་དང་ཕྱག་ལས་ག་རེ་གནང་ཡོད། མཐའ་ན་སོ་སོའི་སྒོ་གསུམ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉིན་མ་རེ་རེ་ཚུན་ཆད་དུ་མིའི་སྤྱི་ཚོགས་དང་མཐུན་པ་ཡོང་གི་འདུག་མི་འདུག་ཞིབ་དཔྱད་བྱས་ནས། རྗེས་སུ་གཞི་ནས་སྤྱི་ཚོགས་དྲ་རྒྱ་དེ་ཚོ་བེད་སྤྱོད་གཏང་རྒྱུ་དང་། བཀའ་མོལ་གསུང་རྒྱུ། རྩོམ་འབྲི་རྒྱུ། དེ་འདྲ་གནང་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ཀྱི་གནས་ཚད་དེ་ཡང་ཚད་དང་ལྡན་པ་ཡོང་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ལ་ཕན་པ། བོད་མིའི་ཆིག་སྒྲིལ་ལ་ཕན་པ། བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཅས་ལ་ཕན་ཐོགས་དང་། ནུས་པ་ངེས་ཅན་ཐོན་ཐུབ་པའི་རེ་བ་ཆེན་པོ་འདུག དེ་ཡིན་དུས། དེ་ཚོའི་ཐོག་ལ་དགོངས་པ་བཞེས་རོགས་ཞེས་དེ་རིང་དམིགས་བསལ་འབོད་བསྐུལ་ཞུ་འདོད་བྱུང་།

གྲོས་ཚོགས་འདི་ཚར་པའི་རྗེས་ལ་སྤྱི་འཐུས་རྣམ་པ་ས་བགོས་ཕྱོགས་བསྐྱོད་ཕེབས་ཀྱི་ཡོད་རེད། སྐབས་དེ་དུས། མང་ཚོགས་ནས་ཀྱང་ཐུགས་སྣང་དང་། མཉམ་ཞུགས་ཡོང་ཐབས་བྱེད་དགོས་ཀྱི་འདུག སྐབས་དེར་གཙོ་བོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་ནང་གི་བོད་མིའི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་ཚོ་ངོ་སྤྲོད་དང་། གོ་རྟོགས་སྤེལ་གྱི་ཡོད་རེད། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་གནས་སྟངས་རེད། མི་མང་གི་འཕྲོད་བསྟེན། ཤེས་ཡོན། སྤྱི་ཚོགས་ཀྱི་ཐོག་ལ་འཚོ་བའི་གནས་སྟངས་ཚང་མ་ལ་གཟིགས་ཞིབ་བྱས་ནས། སྙན་ཐོ་གནང་རྒྱུ་དང་། ལྷན་ཁང་ཁག་ལ་འབྲེལ་བ་ཆགས་པ་དེ་ཚོ་དམིགས་བསལ་གྱི་འབོད་བསྐུལ་དང་། ཡིག་ཆུང་གཏང་རྒྱུ་གནང་གི་ཡོད་རེད། དེ་ཚོ་ཚད་དང་ལྡན་པ། ཞལ་གསལ་པོ་ཡོང་རྒྱུར་མང་ཚོགས་ཀྱི་ཐོག་ནས་ཆ་ཤས་བཞེས་རྒྱུ་རག་ལས་པ་ཡིན་དུས། མང་ཚོགས་ཀྱི་ཐོག་ནས་ཆ་ཤས་ཡག་པོ་བཞེས་ཐུབ་པའི་རེ་བ་ཞུ་ཡི་ཡོད།

དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས། གྲོས་ཚོགས་ཚོགས་ཐེངས་བཞི་པའི་སྐབས་སུ། སྤྱི་འཐུས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་རེད། ད་རེས་ཚོགས་ཐེངས་ལྔ་པའི་སྐབས་སུ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་རེད། དེའི་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དེ་ཚོ་ང་ཚོས་བང་རིམ་བསྒྲིགས་ཡོད་རེད། དེ་ཡིན་དུས། བཀུར་འོས་སྤྱི་འཐུས་རྣམ་པས་ཀྱང་། ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཚོ་ཚད་དང་ལྡན་པ་ཡོང་ཐུབ་རྒྱུ་གཅིག་དང་། དེ་བཞིན། འབྲེལ་ཡོད་ས་གནས་ཁག་ཡིན་ན་ཡང་། མཐུན་འགྱུར་དང་ནུས་པ་མཉམ་སྤུངས་ཡོང་ཐབས་བྱ་དགོས།

དེ་རིང་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་ཚགས་ཚུད་པོ་ཡོང་རྒྱུར། མཐུན་འགྱུར་གལ་ཆེ་བ་གཅིག་དེ། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་ལས་བསྡོམས་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་ཚོགས་དྲུང་གཙོས་པའི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་དང་། གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་གནང་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་སྡེ་ཚན་དང་། ཀམ་པུ་ཊར་སྡེ་ཚན། གཏོང་ལེན་ཁྲིམས་ཡིག་ཡིག་ཆ་བཟོ་དགོས་ཀྱི་མཐུན་འགྱུར་གནང་མཁན་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་དང་། ལོ་རྒྱུས་འབྲི་རྩོམ་ཚན་པ། བར་བརྒལ་ལས་བཀོད་སྡེ་ཚན་གྱི་འགན་འཛིན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་གཅིག་དང་།

ལྷག་པར་དུ་དེ་རིང་གྲོས་ཚོགས་སྐྱོང་པའི་སྐབས་སུ་ལས་ཉིན་བཅུའི་རིང་ལ་སྔ་པོ་རེད། ཕྱི་པོ་བཞུགས་རྒྱུ་རེད། ཕྱི་ནང་གི་བདེ་འཇགས་ཀྱི་ཆེད་དུ། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་ཐུགས་སྣང་དང་འགན་ཁུར་ཆེན་པོ་གནང་སོང་། དེ་ཡིན་དུས། དེ་རིང་གོ་སྐབས་འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་གྲོས་ཚོགས་འདི་གྲོལ་ནས་ཟླ་བ་དྲུག་རྗེས་ལ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་དང་། བཀུར་འོས་སྤྱི་འཐུས་རྣམ་པ། གཟུགས་ཁམས་བདེ་པའི་ཐོག་ནས་ལྷན་འཛོམས་ཡོང་རྒྱུར་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།