བོད་མི་མང་སྤྱི་འཐུས་ཟུར་པ་དགའ་བྱང་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཁོང་གི་ཉེ་འབྲེལ་ལྟོས་བཅས་རྣམས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཕུལ་བ།

༄༅། །མཚུངས་མེད་བོད་མི་མང་སྤྱི་འཐུས་ཟུར་པ་ཚེ་འདས་དགའ་བྱང་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་དམ་པ་གང་གི་སྐུ་འཁོར་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ།

ཆེད་འབུལ།

སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་ཟུར་པ་དགའ་བྱང་དགེ་བཤེས་བཀྲ་ཤིས་རྒྱལ་མཚན་མཆོག་ཡུན་རིང་སྙུན་གཞིས་རྐྱེན་པས་ (ཨ་རིའི་དུས་ཚོད་) ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༡ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྣམ་པ་ཤིན་ཏུ་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་དེ་ཉིད་ཀྱི་ནང་མི་ཉེ་འབྲེལ་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་སྐྱེས་པའི་མཐའ་མར་འཆི་དགོས་པའི་ཆོས་ཉིད་ལ་དགོངས་པ་རྒྱ་ཆེ་བཞེས་གནང་དང་འབྲེལ་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས། འདི་ནས་ཀྱང་དམ་པ་གང་ཉིད་ཀྱིས་སྤྱི་འཐུས་ཀྱི་ལས་རྒྱུན་རིང་བོད་སྤྱི་པའི་བསྟན་སྲིད་ཐོག་ཞབས་ཞུ་མཐར་སོན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། དེ་གའི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དེ་དོན་དགོངས་འཇགས་ཞུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༣ ལ།

ཕུལ། །