བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༧ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༧ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན།

རང་ཅག་བོད་ཁ་བ་གངས་ཅན་གྱི་ལྗོངས་དེ་རྒྱ་ནག་དམར་པོའི་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བཙན་བཟུང་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་གནང་མ་ཐག་བོད་མི/Volumes/NO NAME/DCIM/100CANON/IMG_4883.JPG
་རིགས་ཀྱི་རིག་གཞུང་དང་བཅས་པ་ཡུན་གནས་སྲ་བརྟན་གནས་ཐབས་སུ་དགོངས་པ་གཙོ་བཞེས་ཀྱིས་མཛད་ཐབས་དུ་མ་ཕྱག་བསྟར་གནང་སྟེ།
མགོན་པོ་གང་གིས་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལས་ད་ཆ་བཙན་བྱོལ་གྱི་དུས་ཡུན་ནང་གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཐོན་ཡོད་པ་དང་། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་ལ་བརྟེན་ནས་ཐོག་མར་བོད་མི་རྣམས་ལམ་བཟོ་རྒྱུགས་ཏེ་འཚོ་བ་བསྐྱལ་ཡོད་པ་དང་། དེ་ནས་རིམ་བཞིན་བཟོ་གྲྭ་དང་གཞིས་ཆགས་ཁག་གསར་འཛུགས་བསྐྱངས། ལྷག་པར་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐད་༸གོང་ས་མཆོག་གིས་ཐོག་མ་ཉིད་ནས་དམིགས་བསལ་དགོངས་བཞེས་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༠ ཟླ་ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཕྲུག་རྣམས་མ་འོངས་བོད་མི་རིགས་ཀྱི་སོན་རྩ་ཡིན་ཞེས་ཐུགས་བརྩེ་བ་ཆེན་པོས་ཐོག་མར་ཀུ་ལུ་ས་ཁུལ་དུ་བོད་མི་ལམ་བཟོ་བའི་ཕྲུ་གུ་ ༥༡ ལ་དམིགས་བསལ་གཟིགས་སྐྱོང་གིས་ཐོག་མར་སློབ་གྲྭ་གསར་འཛུགས་བསྐྱངས་གནང་མཛད་ཡོད། བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཕྱི་ལོ་ ༡༩༦༠ ལོར་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་དེ་ཉིད་ལ་ཐུགས་འགན་གནང་སྟེ་བོད་ཕྲུག་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་དང་ཆབས་ཅིག་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་རྨང་ནས་གཞི་འཛུགས་བྱ་སའི་ཧ་ཅང་ཕན་རླབས་ཅན་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད། དེ་ནས་༸སྐུའི་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་། གཟིགས་སྐྱོང་འོག་ད་ལྟའི་གཞི་རྒྱ་ཆེ་བའི་བོད་ཕྲུག་ཁྱིམ་སྡེ་འདི་རྒྱ་བསྐྱེད་དང་ཡར་རྒྱས་ཀྱི་ལས་གཞིར་རྣམས་ཞུམ་མེད་ཀྱི་བསྐྱངས་གནང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།Z

བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཐོག་མར་གཞི་རྒྱ་ཆུང་ངུ་ཞིག་ནས་དབུ་འཛུགས་བསྐྱངས་ཏེ་རིམ་བཞིན་གཞི་རྒྱ་ཇེ་ཆེར་ཕྱིན་ཏེ་ཡན་ལག་སློབ་གྲྭ་མང་པོ་གསར་འཛུགས་ཀྱིས་སློབ་ཕྲུག་སྟོང་ཕྲག་མང་པོས་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ལེགས་པར་ཐོན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་དང་། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་འཐབ་རྩོད་དང་ ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ཞབས་འདེགས་ཞུས་དང་ཞུ་བཞིན་པ་ནི་རླབས་ཆེན་གྱི་གྲུབ་འབྲས་བཟང་པོ་ཐོན་ཡོད།

གཞིས་ལུས་བོད་མི་ན་གཞོན་སློབ་ཕྲུག་ཧ་ཅང་མང་པོས་རང་རེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་ནའང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་དང་། སློབ་ཚན་ཇི་བཞིན་བཀོད་སྒྲིག་བྱེད་མིན་ལ་བརྟེན། གཞིས་བཞུགས་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད། རང་རེ་རྣམས་རང་དབང་ལུང་པའི་ནང་དེ་ལྟའི་འགལ་རྐྱེན་མེད་ལ་མཐུན་རྐྱེན་ཡང་གང་ལེགས་ཡོད་པ་བཅས་ལ་དགའ་བ་སྒོམ་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆེན་པོའི་ངང་འབད་བརྩོན་ཧུར་སྐྱེད་གནང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད།

གཞན་ཡང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད་པ་ནི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་རྣམས་ངེས་པར་དུ་ཡོད་དགོས་པས། མ་འོངས་པར་ཡང་བོད་ཁྱིམ་དབུ་ལས་རྣམ་པས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་ཉིད་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ལག་བསྟར་མིག་དཔེར་འོས་པ་གནང་རྒྱུར་གསལ་འདེབས་ནན་པོ་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་བོད་ཁྱིམ་ལག་ཤེས་སློབ་གྲྭ་ VTC ཞེས་པ་དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ པ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནས་ངོས་འཛིན་ཐོག་བོད་ཁྱིམ་ལས་རིགས་སློབ་གཉེར་བསྟི་གནས་ཁང་ ITI ཞེས་པར་མིང་བསྒྱུར་ཐུབ་ཡོད་པ་བཅས་ལ་ཐེངས་འདིར་ལེགས་སོ་དང་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན།

བོད་ནང་གི་བོད་མིར་སྨྲ་བརྗོད་རང་དབང་དང་བྲལ་ཏེ་རྒྱ་གཞུང་གིས་ཉེས་མེད་འོག་བོད་མི་མང་པོ་འཛིན་བཟུང་དང་། བཙོན་འཇུག་སོགས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་དང་། གཞན་ཡང་ཆོས་དད་རང་དབང་ལ་བཀག་སྡོམ་དང་། ཁོར་ཡུག་ལ་གཏོར་བཤིག སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་གི་སློབ་ཚན་ཉུང་འཕྲི་བྱེད་བཞིན་པ། བོད་ཀྱི་ཞིང་འབྲོག་གི་ས་ཁུལ་མང་པོར་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཞིན་པ་སོགས་ཀྱིས་བོད་མི་རིགས་ཀྱི་ངོ་བོར་འཚོ་གནས་དཀའ་བའི་གནས་སུ་གྱུར་པའི་རྒྱ་གཞུང་གིས་སྲིད་བྱུས་རིམ་པ་སྤེལ་བཞིན་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ པ་འདིར་ཤེས་ཡོན་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་དུ་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཅན་ཇེ་མང་ཐོན་ཐུབ་པ་དགོས་པའི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་དང་ཕེབས་བཞིན་ཡོད་པ་ནི། འཛམ་བུ་གླིང་འདིར་འཚེ་མེད་ཞི་བ་དང་། དྲང་བདེན། ཁྲིམས་མཐུན་བཅས་ཀྱི་ཐོག་ནས་ཕན་ཚུན་འབྲེལ་ལམ་དང་། གྲོས་བསྡུར་ལམ་ནས་དཀའ་རྙོག་རྣམས་སེལ་ཐུབ་པ་བྱ་དགོས་རྒྱུར་གཙོ་བོ་ཤེས་ལྡན་མི་སྣ་ཚོས་སྣེ་ཁྲིད་ཐུབ་པ་བྱ་གལ་ཆེན་པོར་གྱུར་ཡོད་པས། རང་རེ་བོད་ཕྱི་ནང་གཉིས་ནས་ཤེས་ལྡན་མི་སྣ་གང་མང་སྐྱེད་བསྲིང་ཡོང་ཐབས་ལ་འབྲེལ་ཡོད་ཚང་མས་འབད་རྩོལ་གནང་དགོས་པ་གལ་ཆེར་གྱུར་ཡོད།

དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་གཞན་ཁག་ནང་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་པར་ཁ་གསབ་བྱ་ཐབས་སམ་ཟླ་སྒྲིལ་གྱིས་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་སྤུས་ཚད་གོང་མཐོར་ཡོང་ཐབས་དང་། འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་ནི་དུས་ཀྱི་དགོས་མཁོར་མཐོང་།

དེ་བཞིན་སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོངས་བདེ་སྐྱིད་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་པ་མ་ཟད། སྨྱོས་རྫས་ངན་གོམས་དང་། ནད་རིགས་སྔོན་འགོག་གི་ལས་འཆར་བཅས་ལ་ཐུགས་སྣང་ཆེར་བསྐྱེད་དང་། དེ་བཞིན་ཟས་བཅུད་ཐོག་འབྲེལ་ཡོད་རྣམས་ཀྱིས་དམིགས་བསལ་ཐུགས་སྣང་ཚད་ལྡན་ཡོང་ཐབས་བཅས་གནང་དགོས།           མདོར་ན་ཡ་རབས་གཤིས་བཟང་དང་ཞི་དུལ་བག་ཡོད་ལྡན་པའི་བོད་མི་ཤ་སྟག་འབྱུང་ཐབས་སུ་དབུ་ལས་སློབ་ཕྲུག་དང་བཅས་པ་ཚང་མས་ད་ཕན་ཧུར་བསྐྱེད་གནང་ཡོད་ལ། ད་དུང་ཡར་རྒྱས་ལ་ཚད་བཟུང་མེད་པ་བཞིན་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་དམ་འཛིན་དང་གཟབ་ནན་གནང་དགོས་པ་ཤིན་ཏུ་ནས་གལ་འགངས་ཆེན་པོར་གྱུར་ཡོད།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣམས་དར་རྒྱས་ཚགས་ཚུད་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།