དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་མཛད་སྒོར་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༦ ཉིན་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༣༥ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༠༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། གཞན་སྐུ་མགྲོན་དུ་དབུས་གཙང་གི་སྤྱི་འཐུས་རྣམ་པ། དབུས་གཙང་ཆོལ་ཁའི་རྒྱུན་ལས་རྣམ་པ། དེ་བཞིན་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༥༠ བརྒལ་བ་འདུ་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་གནས་ཆུང་གི་དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་རྗེས་ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླ་བཏང་བ་དང་སྦྲགས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་སླད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཡིས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད།

            དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད་ནང་འཁོད་པ་གཞིར་བཟུང། རྩ་བའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་རེད། ད་ལྟའི་ཕྱག་ལས་གནང་ཕྱོགས། དེ་བཞིན་འབྱུང་འགྱུར་ལས་འཆར་བཅས་ཀྱི་ཐོག་སྲ་ཐག་ཐག་ཡོད་པ་དེར་ངས་དམིགས་བསལ་འགྲེལ་བརྗོད་མི་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ ༢༠༡༧ ཟླ་ ༣ ཚེས་ ༢༨ ཉིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་བསྐྱངས་སྐབས་ང་རང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཅར་རྒྱུའི་གོ་སྐབས་བྱུང་།  སྐབས་དེར་ཚོགས་ཆེན་དང་འབྲེལ་བའི་ཐོག་གྲོས་གཞི་དོན་ཚན་བཅུའི་སྟེང་གྲོས་བསྡུར་ལྷུགས་པོ་གནང་ཡོད་པ་མ་ཟད། གྲོས་ཆོད་གང་འཇོག་པ་རྣམས་དོན་ལ་དམིགས་པ་དང་། འབྱུང་འགྱུར་རྒྱུན་ལས་གསར་འདེམས་ཡོང་མཁན་ཚོས་གྲོས་ཆོད་བཞག་པ་དེ་རྣམས་ཕྱག་བསྟར་ཞུ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཞུ་རྒྱུ་བྱུང་ཞེས་དང་།

ཚོགས་པ་སྒྲིག་འཛུགས་ལྟ་བུར་ཆ་བཞག་ན། ཐོག་མར་འགོ་འཛུགས་པའི་སྐབས་དང་ད་ལྟའི་གནས་བབ་གཉིས་དབར་ཁྱད་པར་གནམ་ས་ཡོད་པ་ཞིག་དང་། ཚོགས་པ་སྒྲིག་འཛུགས་འགོ་བཙུགས་གནང་བའི་སྐབས་སུ་ད་ལྟ་ནང་བཞིན་མཐུན་རྐྱེན་ཡག་པོ་མེད། འོན་ཀྱང་ད་ལྟ་ཕྱིར་ལོག་བྱས་ནས་བལྟས་པ་ཡིན་ན། རྒན་རབས་ཚོས་དགོངས་པ་ཆེར་བཞེས་ཀྱི་ཐོག་ནས་དཀའ་ལས་བརྒྱབ་ནས་བཙུགས་པའི་སྒྲིག་འཛུགས་དེ་ད་ལྟ་དགའ་བ་སྒོམ་དགོས་རྒྱུ་ཞིག་ཆགས་ཡོད། སྔོན་གྱི་རྒན་རབས་ཚོས་མུ་མཐུད་དཀའ་ལས་བརྒྱབ་པར་བརྟེན་ད་ལྟ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་བ་རེད། སྒྲིག་འཛུགས་གང་བཙུགས་པ་དེར་བཙུགས་མཁན་གྱི་དམིགས་ཡུལ་དང་དགོས་པ་ཡོད་པ་ནང་བཞིན། སྐབས་དུས་སོ་སོར་རང་བཞིན་གྱི་བསྒྱུར་བཅོས་དང་བསྐྱར་བཅོས་ཡོང་གི་ཡོད་རེད། སྔ་མ་གང་ཡོད་པ་དེའི་ཐོག་མུ་མཐུད་རྒྱུན་འཁྱོངས་ཚགས་ཚུད་དགོས་རྒྱུ་དེ་གནད་འགག་གཅིག་རེད། དེ་ཡོང་བ་བྱེད་པར་དེའི་ཐོག་ཕྱག་ལས་གནང་མཁན་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད། བབ་ལྷིང་བརྟན་གསུམ་གྱི་ཐོག་ནས་ཕྱག་ལས་གནང་དགོས་རེད་ཅེས་ག་བར་ཡིན་ནའང་ཞུ་ཡི་ཡོད། བྱས་ཙང་ག་དུས་ཡིན་ནའང་བབ་ལྷིང་བརྟན་གསུམ་གྱི་ཐོག་ནས་ཕྱག་ལས་གནང་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ཚོགས་ཆེན་རིམ་པར་གྲོས་ཆོད་བཞག་པ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། ཚོགས་པ་སོ་སོའི་ངོས་ནས་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་ཆོས་ཕྱོགས་ཀྱི་བྱ་བ་དང་། ཆབ་སྲིད་ཀྱི་བྱ་བ། སྤྱི་ཚོགས་བདེ་དོན་གྱི་བྱ་བ། ལྷག་པར་དུ་ཤེས་ཡོན་གྱི་མཐུན་སྦྱོར། འཕྲོད་བསྟེན་གྱི་མཐུན་སྦྱོར་གྱི་ཕྱག་ལས་གནང་གི་ཡོད་རེད་ལ། དེ་བཞིན་ཚོགས་པ་སོ་སོའི་ངོས་ནས་ཀྱང་གནང་རྒྱུའི་ལས་འཆར་བང་བསྒྲིགས་ཀྱི་ཡོད་པ་རྣམས་རང་དབང་གི་ཐོག་ནས་གནང་སྲོལ་ཡོད་རེད།  ཚོགས་པའི་ངོས་ནས་སྤྱི་ཚོགས་ནང་ཤེས་ཡོན་གང་ལ་མཐུན་འགྱུར་སྦྱར་རྒྱུ་དང་། དེ་བཞིན་ཉམ་ཐག་ལ་མཐུན་འགྱུར་སྦྱར་རྒྱུ། འཕྲོད་བསྟེན་དང་སྤྱི་ཚོགས་བདེ་དོན་ཐོག་མཐུན་འགྱུར་སྦྱར་རྒྱུ་དེ་རིགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སོ་སོ་དང་འབྲེལ་བ་གནང་སྟེ་མཉམ་རུབ་ཀྱི་ཕྱག་ལས་གནང་ཐུབ་ན་ནུས་པ་ཆེ་བ་ཡོད། དཔེར་ན། ཤེས་ཡོན་ལ་མཐུན་འགྱུར་སྦྱར་རྒྱུ་དེ་རིགས་ཤེས་རིག་ལས་ཁུངས་ལ་འབྲེལ་བ་གནང་ནས་ང་ཚོའི་ངོས་ནས་ཤེས་ཡོན་ཐོག་མཐུན་འགྱུར་དེ་འདྲ་ཞིག་གནང་འཆར་ཡོད། དེ་བཞིན་ཚོགས་ཆེན་གྱི་གྲོས་ཆོད་དེ་རེད། ང་ཚོས་ཇི་ལྟར་བྱས་ན་ནུས་པ་ཡག་པ་ཐོན་ཐུབ་ཀྱི་ཡོད་པ་བཅས་ཀྱི་ཐོག་བཀའ་བསྡུར་གནང་ཐུབ་པ་ཡིན་ན་ལས་དོན་ཚགས་ཚུད་པ་དང་སྤུས་དག་པ་ཞིག་ཡོང་གི་ཡོད་རེད། བྱས་ཙང་ལས་ཁུངས་ཁག་དང་འབྲེལ་བ་གནང་ནས་ལས་དོན་བྱེད་ཐུབ་ན་ཕན་རླབས་ཆེ་བ་ཡོད་ཅེས་ལམ་སྟོན་ཞུས་པ་ཙམ་ཡིན།

            བཙན་བྱོལ་ནང་གི་བཅའ་ཁྲིམས་གཞིར་བཟུང་གི་ཚོགས་པ་སྒྲིག་འཛུགས་སྐྱིད་སྡུག་དང་། རང་བཙན་རྒྱལ་ཁབ་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་གཉིས་ཀྱི་དབར་གནམ་སའི་ཁྱད་པར་ཡོད་རེད། རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་སོ་སོའི་རྒྱལ་ཁབ་དང་སྲིད་གཞུང་གི་མ་འགྲིག་པ་རྣམས་འགྲིག་པ་ཡོང་རྒྱུའི་ཆེད་མི་མང་གི་གནད་དོན་རྣམས་ཡར་སྲིད་གཞུང་ལ་ཞུ་རྒྱུ་དང་། སྐབས་རེ་སྒྲིག་འཛུགས་ཀྱིས་མི་འགྲིག་པ་དེར་སྐད་འབོད་རྒྱག་པ་སོགས་གནང་གི་ཡོད།  ང་ཚོ་བཙན་བྱོལ་ནང་ཡོད་པའི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་། ཚོགས་པ་སྐྱིད་སྡུག་བཅས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་མིའི་འཐབ་རྩོད་ཀྱི་གནས་བབ་ཐོག་སྐུ་ལས་བསྐྱོན་རྒྱུ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། བྱས་ཙང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་བ་བྱེད་རྒྱུ་དང་། དེ་བཞིན་ཚོགས་པ་སྐྱིད་སྡུག་དེ་ཚོ་ཡང་སྲ་བརྟན་ཚགས་ཚུད་དགོས་རྒྱུ་དང་རྒྱུན་གནས་དགོས་པ་གལ་ཆེན་པོ་ཡིན། རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། ང་ཚོའི་གཞུང་འབྲེལ་མིན་པའི་ཚོགས་པའི་གཉིས་ཀྱི་ལས་ཀའི་ངོ་བོ་དང་རྣམ་པ་ཡོངས་རྫོགས་མི་འདྲ་བའི་གནས་བབ་ཅིག་ཡིན།

            ད་ལྟ་གྲོས་ཚོགས་འཚོགས་བཞིན་པ་ཡོད་པ་དང་། རྣམ་པ་ཚོས་ཐད་ཀར་རྒྱང་བསྲིངས་བརྒྱུད་ལམ་ནས་མཇལ་གྱི་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཆ་བཞག་པ་ཡིན་ན་ཕྱི་གསལ་ནང་གསལ་གནང་གི་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྙན་སྒྲོན་ཞུས་པ་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལམ་སྟོན་དང་བཅས་པའི་མཐོང་ཚུལ་སྙན་སྒྲོན་ཕྱི་གསལ་ནང་གསལ་ཐོག་ནས་ཕེབས་ཀྱི་ཡོད་པ་ཡིན་ཙང་། ང་ཚོའི་སྒྲིག་འཛུགས་ངོས་ནས་དཔལ་འབྱོར་མཐུན་འགྱུར་ཆ་བགོས་གང་འདྲ་གནང་གི་ཡོད་པ་དང་། ག་བར་གནང་གི་ཡོད་པ་རྣམས་ལ་རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་སྣང་གནང་རྒྱུ་གལ་ཆེའི་རང་བཞིན་ཞིག་མཐོང་གི་འདུག ཐུགས་སྣང་གནང་བའི་གནས་བབ་ཐོག་ནས་ཚོགས་པ་སོ་སོས་ཕྱག་ལས་གང་གནང་དགོས་པ་དང་མཐུན་སྦྱོར་གང་གནང་དགོས་པ་གཟིགས་རྒྱུ་གལ་ཆེན་པོ་རེད།

ད་ལྟ་རྒྱ་གར་གྱི་གྲོས་ཚོགས་ཚོགས་བསྡད་ཡོད། དཔལ་འབྱོར་ཆ་བགོས་གང་འདྲ་གནང་གི་ཡོད་པ་དེ་ཚོའི་གནས་བབ་དང་། ང་ཚོའི་དཔལ་འབྱོར་གྱི་ཆ་བགོས་ཀྱི་གནས་བབ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་རེད། རང་དབང་ཡོད་པའི་རྒྱལ་ཁབ་རྒྱ་གར་ལྟ་བུར་མཚོན་ན་དཔལ་འབྱོར་ཆ་བགོས་གནང་བའི་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་ས་ཆ་དང་། ས་ཆའི་ཉེ་འཁོར་ལ་དགོས་མཁོ་དེ་འདྲ་འདུག་ཅེས་ཡར་ལྷན་ཁང་ཁག་ལ་ཞུ་ས་ཡོད་རེད། དེ་བཞིན་གྲོས་ཚོགས་འཐུས་མི་སོ་སོར་ཕྱག་དངུལ་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ནང་སྤྱི་འཐུས་རྣམ་པ་ཚོས་དགོངས་འཆར་ཕུལ་བ་དང་། མི་མང་གི་གནད་དོན་རྣམས་འཛིན་སྐྱོང་ལ་དགོངས་འཆར་ཕུལ་བའི་ཐོག་ནས་འཛིན་སྐྱོང་གིས་ལས་འཆར་བང་བསྒྲིགས་ནས་གནང་བཞིན་ཡོད།

            དེ་བཞིན་བོད་མི་ཆབ་སྲིད་ཐོག་གཏིང་ཟབ་པོ་ཞིག་ཞིབ་འཇུག་བྱེད་མ་ཐུབ་ནའང། ཆབ་སྲིད་ཀྱི་གནད་དོན་རྩ་འཛིན་བྱེད་ས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་དང་། བཀའ་ཤག་གི་གསུམ་བཅུའི་དུས་དྲན་གསུང་བཤད། གྲོས་ཚོགས་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་པ་དེ་རྣམས་རྩ་འཛིན་བྱས་ནས་ཕྱི་ནང་གི་བརྒྱུད་ལམ་ཁག་ལ་བོད་པ་ཞིག་ཡིན་པའི་ཆ་ནས་གསུང་བྱོན་ཐུབ་ན་དེའང་ཕྱར་གྲུ་མཉམ་འདེགས་རེད། དེ་ཚོར་ཐུགས་སྣང་གནང་བ་ཡིན་ན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་ལྟ་བུའི་ཕན་རླབས་ཆེན་པོ་ཡོད་རེད་ཅེས་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་གྲོས་ཆོད་གང་བཞག་པ་གཞིར་བཟུར་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། སླར་ཡང་སྒྲིག་འཛུགས་ཀྱི་ཚོགས་གཙོ་གཙོས་པའི་སྔོན་བྱུང་གི་རྒན་རབས་རྣམ་པ་ཚོས་ཕྱག་ལས་གནང་བའི་ཐོག་ཡི་རངས་བསྔགས་བརྗོད་དང་། འབྱུང་འགྱུར་མུ་མཐུད་ཕྱག་ལས་བབ་ལྷིང་བརྟན་གསུམ་ངང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། མཐའ་དོན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་དྲུང་ཆེ་ཡིས་ཐུགས་རྗེ་ཆེ་ཞུས་གནང་སྟེ་མཛད་སྒོ་མཇུག་སྒྲིལ་གནང་བ་བཅས་ཀྱི་གནས་ཚུལ་དུ། །