དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་གཉིས་པའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ལ་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་གྱི་ཐོག་ནས་འགོ་འཛུགས་ཏེ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་གཉིས་པ། འབྱུང་འགྱུར་བོད་ཀྱི་མདུན་ལམ།  ཞེས་པའི་ལྷན་ཚོགས་ཐོག་འཛམ་གླིང་གང་ས་ནས་བཅར་བའི་བོད་མི་ན་གཞོན་རྣམས་སྡེ་ཚན་སོ་སོར་བགོས་པ་རིམ་པས་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་སོ་སོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་མང་གཙོ་དེ་མི་མང་གིས་འཐབ་རྩོད་དང་དཀའ་ལས་མང་པོ་བརྒྱབ་པ་དང་། སྲོག་མང་པོ་བློས་བཏང་ནས་ཐོབ་པ་ཞིག་ཡིན་པ་དང་། འོན་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་རེད་ཅེས་དང་། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་བཙན་བྱོལ་དུ་ཕེབས་འབྱོར་གནང་བ་དང་། དེ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཁག་གི་སྐུ་ཚབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་ཕུལ་བ་དང་ཆབས་ཅིག་མནའ་གན་མཐུ་མོ་ཆེ་བཞག་པ་རེད། དེ་སྔ་བོད་རང་བཙན་ཡིན་པའི་དུས་སྐབས་སུ་ང་ཚོ་ནང་ཁུལ་མཐུན་སྒྲིལ་མ་བྱས་པའི་རྐྱེན་གྱིས་ང་ཚོའི་གནས་བབ་དེ་འདྲ་ཞིག་ཆགས་སོང་། ད་ནས་བཟུང་༸གོང་ས་མཆོག་གིས་དབུ་འཁྲིད་གནང་རོགས་གནང་། ང་ཚོ་ཆོལ་གསུམ་ཆོས་ལུགས་དང་བཅས་པས་ལྕགས་ཀྱི་གོང་བུ་ལྟར་རྡོག་རྩ་གཅིག་སྒྲིལ་བྱས་ནས་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་གི་ཡིན་ཞེས་གསུངས་ཡོད་རེད། དེ་དུས་༸གོང་ས་མཆོག་གིས་བཀའ་སློབ་གང་ཕེབས་ཡོད་རེད་ཅེ་ན། ལྕགས་ཀྱི་གོང་བུ་དེ་འཁྱགས་པའི་གོང་བུ་ནང་བཞིན་མ་ཆགས་པ་བྱེད་དགོས་པ་དང་། མ་འོངས་པའི་ང་ཚོའི་སྒྲིག་འཛུགས་དེ་སྔོན་མ་ལྟ་བུ་མ་ཡིན་པར། མི་མང་གིས་འོས་འདེམས་བྱས་པའི་སྒྲིག་འཛུགས་གཅིག་ཆགས་དགོས་ཀྱི་རེད། བྱས་ཙང་སྔ་འཕྲོས་རིང་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་ཕེབས་གནང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་དམ་བཅའ་ཕུལ་གནང་ཡོད་པ་རེད། ཕྱིས་སུ་ང་ཚོས་ལོ་ལྟར་དེ་ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་རེད།

སྐབས་དང་པོ་དང་སྐབས་གཉིས་པའི་སྐབས་ལ་སྤྱི་འཐུས་རྣམས་ལས་ཁུངས་ཆེ་ཁག་བཞི་དང་ཡན་ལག་ལས་ཁུངས་ལྔ་བཅས་ལ་ཆ་བགོས་བརྒྱབ་སྟེ་ཕྱག་ལས་གནང་གི་ཡོད་རེད། སྐབས་གཉིས་པའི་སྐབས་ལ་༸གོང་ས་མཆོག་གིས་ཆོལ་ཁ་རེ་རེ་ནས་བུད་མེད་ཀྱི་སྤྱི་འཐུས་གཅིག་རེ་ངེས་པར་དུ་དགོས་པའི་བཀའ་སློབ་ཕེབས་པ་དང་། སྤྱི་འཐུས་གྲངས་ ༡༣ དེ་སྤྱི་འཐུས་ ༡༧ ལ་སྤར་བ་དང་། ཕྱི་ལོ་ ༡༩༦༣ ལ་༸གོང་ས་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་དང་།  ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་གནང་བ་དང་། སྤྱི་འཐུས་སྐབས་ ༡༡ པས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་།  དེ་བཞིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ནས་ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་དམ་བཅའ་ཕུལ་བ་དང་འབྲེལ། ༸གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་བསྐུར་གནང་ཡོད། སྐབས་དེར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་རིང་གི་ཉིན་མོ་དེ་གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་ཐོག་བསྒྱུར་བའི་ཉིན་མོ་ཡིན་ཙང་དུས་ཚིགས་ཁྱད་པར་ཅན་ཞིག་རེད་ཅེས་གསུངས་གནང་ཡོད་སྐོར་དང་། དེ་བཞིན་གཞུང་དང་། རྒྱལ་ཁབ། མི་མང་བཅས་ཡོད་ན་རྩ་ཁྲིམས་དང་། ང་ཚོར་གཞུང་དང་། མི་མང་ཡོད་ཀྱང་རྒྱལ་ཁབ་མེད་ཙང་བཅའ་ཁྲིམས་ཟེར་གྱི་ཡོད་པ་སོགས་རྩ་ཁྲིམས་དང་། བཅའ་ཁྲིམས་གཉིས་ཀྱི་ཁྱད་པར་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་ཚོགས་ཆུང་གསུམ་སྟེ། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན་བཅས་ཀྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་ལྟ་གྲུབ་དང་དེའི་དགེ་མཚན་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་། གཞན་ཡང་ཁོང་གིས་གསུང་དོན། ཁྱེད་རྣམས་ནས་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་བསྐྲུན་དགོས་རེད་ཅེ་ན། བོད་ཀྱི་འདས་པའི་གནས་ཚུལ་དང་། ད་ལྟའི་གནས་བབ་ཤེས་པའི་ཐོག་ནས་མ་འོངས་མདུན་ལམ་བསྐྲུན་དགོས་སྐོར་གསུངས་གནང་རྗེས། ཚོགས་བཅར་བའི་དྲི་བ་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །