ཨིན་ཡུལ་གྲོང་སྡེ་ནོར་ཐེ་ཧེམ་ཊོན་དུ་བོད་ཀྱི་རྒྱལ་དར་ཐེངས་ ༢༠ པ་སྒྲེང་འཛུགས་ཀྱི་མཛད་སྒོ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ཉིན་ཨིན་ཡུལ་གྲོང་སྡེ་ནོར་ཐེ་ཧེམ་ཊོན་གྲོང་སྡེའི་ཚོམས་ཆེན་མདུན་དུ་བོད་ཀྱི་རྒྱལ་དར་ཐེངས་ ༢༠ སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག

ནོར་ཐེ་ཧེམ་ཊོན་གྲོང་སྡེའི་སྤྱི་ཁབ་མཆོག་གི་ངོ་དེབ་ (facebook) ནང་། “དེ་རིང་ནོར་ཐེ་ཧེམ་ཊོན་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཊོ་ནི་ ཨན་སེལ་ (Tony Ansell) མཆོག་དང་། ལྕམ་སྐུ་ཇེ་ནི་ ཁོ་རོབ་ཊྶ་ (Jayne Crofts) མཆོག  གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཕཱིལ་ ལ་ར་ཊ་ (Phil Larratt) མཆོག བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཇིའི་བུད་མེད་ལྕམ་སྐུ་ཀེ་རོ་ལིན་སི་ཀེ་ཊར་གུ་ཌི་ (Ms Caroline Scattergood) མཆོག བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་དབྲ་རྩ་བསོད་ནམས་ནོར་བུ་མཆོག ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས།  ནོར་ཐེ་ཧེམ་ཊོན་གྱི་ས་གནས་མི་མང་བཅས་ལྷན་འཛོམས་ཐོག་ནོར་ཐེ་ཧེམ་ཊོན་གྲོང་སྡེའི་ཚོམས་ཆེན་མདུན་དུ་བོད་ཀྱི་རྒྱལ་དར་ཐེངས་ ༢༠ པ་སྒྲེང་འཛུགས་གནང་ཡོད། འདིས་བོད་མི་རྣམས་ཀྱི་དཀའ་སྡུག་ལ་ངོས་འཛིན་དང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་རྗེས་དྲན་ཆེད་ཡིན་ཞེས་བྲིས་གནང་འདུག

ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་མཛད་སྒོའི་ཐོག་ཕེབས་པའི་གྲོང་སྡེའི་སྤྱི་ཁྱབ་དང་ཁོང་གི་ལྕམ། དེ་བཞིན་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་དང་། མི་མང་བཅས་ལ་ཐུགས་རྗེ་ཆེ་ཞུས་དང་། དེ་རིང་གི་མཛད་སྒོ་གོ་སྒྲིག་གནང་མཁན་གཙོ་བོ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཇིའི་བུད་མེད་ལྕམ་སྐུ་ཀེ་རོ་ལིན་ སི་ཀེ་ཊར་གུ་ཌི་མཆོག་གིས་ལོ་ལྟར་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ཐོག་ཐུགས་འཁུར་ཆེ་བཞེས་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་གསུང་དོན། བོད་ནང་རྒྱལ་དར་སྒྲེང་འཛུགས་བྱས་ན་ཁྲིམས་འགལ་དུ་བརྩིས་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་།  འདིར་ཁྱེད་རྣམ་པས་ལོ་ངོ་ ༢༠ རིང་ལོ་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་འདིས། བོད་ནང་ལོ་ངོ་ ༦༠ རིང་རྒྱ་ནག་དམར་པོའི་གཞུང་གི་འོག་མུ་མཐུད་གདུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་གྱི་ཡོད་ཅེས་གསུངས་གནང་འདུག

བོད་ཀྱི་རྒྱལ་དེར་སྒྲེང་འཛུགས་ཀྱི་མཛད་སྒོ་གྲུབ་རྗེས། གྲོང་སྡེའི་སྤྱི་ཁྱབ་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་རྣམ་གཉིས་ལ་གསོལ་ཇ་འདེགས་འབུལ་ཞུས་གནང་འདུག་པ་དང་། སྐབས་དེར་སྤྱི་འཐུས་མཆོག་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་གྲོང་སྡེའི་སྤྱི་ཁྱབ་ཁོང་ལ་མཇལ་དར་དང་། སྐུ་ཞབས་ཁོང་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་ཡོད་འདུག གཞན་ཡང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཇིའི་བུད་མེད་ལྕམ་སྐུ་ཀེ་རོ་ལིན་ སི་ཀེ་ཊར་གུ་ཌི་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཕྱག་རྟགས་ཀྱང་ཕུལ་གནང་འདུག

བོད་ཀྱི་རྒྱལ་དར་སྒྲེང་འཛུགས་མཛད་སྒོའི་ཐོག་མི་མང་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །

(གོང་དུ་དྲ་རྒྱའི་ནང་བཅུག་པའི་གསར་འགྱུར་གཉིས་དང་འབྲེལ་བའི་གསལ་བཤད། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་པ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཚོགས་མི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ཨིན་ཡུལ་རྒྱལ་ས་ལོན་ཌོན་ཕེབས་འབྱོར་གནང་འདུག་པ་དང་། ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། ཚོགས་མི་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ཉིན་གཅིག་སྔོན་ལ་ཕེབས་འབྱོར་གནང་ཡོད་སྟབས། ལས་རིམ་སོ་སོར་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༦ ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་འཁྲིད་འོག་ལས་རིམ་མཉམ་དུ་བསྐྱང་རྒྱུ་ཡིན་འདུག)