སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཞུས་བསྩལ་ལྟར་རྩ་འཛིན་བྱེད་པ་དང་། ད་ལྟའི་ཆར་ལོ་རེར་ཚོགས་འདུ་ཐེངས་གཉིས་རེ་སྐོང་བཞིན་ཡོད་ལ། ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་ཀྱི་ཡོད།
གཏན་འབེབས་དུས་ཡུན་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཉིན་གྲངས་ཇི་ཚོགས་དང༌། ཚོགས་གསེང་ནམ་འཇོག་ལས་དོན་གྱི་གནས་སྟངས་ལ་བསྟུན་ནས་ཚོགས་གཙོའི་ལམ་སྟོན་ལྟར་གནང་ཆོག་ཅིང་། ཚོགས་དུས་རེར་ལས་དོན་མང་ཉུང་ལ་གཞིགས་པའི་ཉིན་༡༠ ནས་༡༥ བར་ཚོགས་པ་བྱུང་ཡོད། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་བར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་ འགྱངས་བྱེད་དགོས་བྱུང་ན་ཁྲིམས་ལུགས་ལྟར་༧ གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་དང་སྦྲགས་ངོ་ཡོད་ཚོགས་གཙོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།
༧གོང་ས་༧སྐྱབས་མགོན་ཆེན་པོས་དགོས་གལ་ནམ་གཟིགས་སམ། ཡང་ན་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན་ ༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་མཛད་འཐུས།
བཅའ་ཁྲིམས་དགོངས་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་ཕྱིར་བསྡུ་དང༌། མཛད་འགན་ཕྱིར་འབུལ་བྱ་རྒྱུའི་དོན་གནད་ཆེད་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་དགོས་བྱུང་ཚེ་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་ཚོགས་གཙོས་ཐད་ཀར་བསྡུ་བསྐོང་ཆོག་པ་ཡིན།
སྤྱིར་བཏང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་རེའི་ཚོགས་ཐེངས་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་འགོ་འཛུགས་དང༌། ཉིན་གུང་ཆུ་ཚོད་གཅིག་རིང་གུང་ཚིགས་བར་གསེང་། དགོང་དྲོ་ཆུ་ཚོད་ ༥ པའི་ཐོག་ཚོགས་གསེང་གནང་སྲོལ་ཡོད། འོན་ཀྱང་ལས་དོན་ལ་གཞིགས་པའི་ཚོགས་དུས་འཕར་ཆག་ཅི་དགོས་ཚོགས་གཙོས་སྟངས་འཛིན་གནང་རྒྱུ།