སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ཨོ་རི་ས་གཞིས་ཆགས་དང་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ནས་ ༢༩ བར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་དང་། ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷུབ་ནི་ཤ་ཝར་ (Bhubaneswar) གནམ་ཐང་དུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས། ཨོ་གཞིས་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས་དང༌། ས་འཐུས་ཚོགས་གཞོན་སངས་རྒྱས་རྡོ་རྗེ་ལགས། མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་བཅས་ཀྱིས་སྣེ་ལེན་ཕེབས་བསུ་དང་འབྲེལ། བྷུབ་ནི་ཤ་ཝར་ནས་ས་འགོ་དང་ལྷན། མཉམ་འབྲེལ་སྣུམ་འཁོར་བརྒྱུད་ཀ་ཊག་ (Cuttack) སུད་ཚོང་ས་གནས་སུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་། ས་གནས་སུད་ཚོང་ཚོགས་གཙོ་བཅས་ནས་སྣེ་ལེན་དང་འབྲེལ་སུད་ཚོང་བ་རྣམས་མཉམ་འཛོམས་སར། སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། ༧གོང་ས་མཆོག་གི་མཛད་འཕྲིན། བོད་ནང་གི་ཛ་དྲག་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ། གྲོས་ཚོགས་ཀྱི་ལས་རིམ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས། ས་གནས་སུད་ཚོང་བ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།  དེ་ནས་ས་འགོའི་སྣུམ་འཁོར་བརྒྱུད་ཀ་ཌག་ནས་བྷ་རམ་པུར་ (Brahmapur) ལ་ཕེབས་ཐོན་གནང་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པ་བྷ་རམ་པུར་སུད་ཚོང་བ་རྣམས་ཀྱི་སར་བཅར་ནས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་བརྗོད་གཞི་ཆ་བགོས་གནང་བ་བཞིན། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་འཐུས་ངག་དབང་ཐར་པ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་དང་། གྲོས་ཚོགས་ཀྱི་ལས་རིམ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་དང་། མི་མང་གི་དྲི་བ་དང་བདེ་སྡུག་ཞུས་པ་ཁག་ལ་ལན་འདེབས་འཚེམས་ལུས་མེད་པ་ཞུས་གནང་རྗེས།

ས་འགོའི་སྣུམ་འཁོར་བརྒྱུད་བྷ་རམ་པུར་ནས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་མགྲོན་ཁང་དུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས། ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་དང་། དགོན་སྡེ་ཁག་གི་འཐུས་མི་རྣམ་པ་བཅས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་གནང་འདུག

ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འགོ་འཛིན་ལས་ཤག་གསར་རྒྱག་ལས་གཞི་བཅས་སུ་འཚམས་གཟིགས་གནང་རྗེས། ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འགོ་འཛིན་གྱིས་གཞིས་ཆགས་ཀྱི་འཛུགས་སྐྲུན་ལས་གཞི་འདྲ་མིན་ཁག་དང་། དྲག་ཆར་རླུང་འཚུབ་རྐྱེན་པས་གནོད་སྐྱོན་བྱུང་བ་ཁག་གི་ཉམས་གསོའི་ལས་གཞི་སྐོར། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཕྱི་ལོ་ ༢༠༡༤ སྲིད་བྱུས་ (Tibetan Rehabilitation Policy 2014) ཀྱི་མཐུན་རྐྱེན་དག་འབད་བརྩོན་བྱས་ནས་ཐོབ་པའི་གཞིས་ཆགས་ཀྱི་ས་ཐོ་ལག་འཛིན་སྐོར་སོགས་སྤྱི་འཐུས་རྣམ་གཉིས་ལ་སྙན་སེང་ཞུས་གནང་འདུག

དེ་རྗེས་ཕུན་ཚོགས་གླིང་རྒས་གསོ་ཁང་ལ་ཕེབས་ནས་རྒན་རབས་པ་རྣམས་ལ་འཚམས་འདྲི་དང་། མཉམ་འབྲེལ་འཐུང་ཆུ་གཙང་སྤེལ་ལས་གཞི། མཉམ་འབྲེལ་སྣ་འཛོམས་ཚོང་ཁང་། སྨན་ལྷ་སྨན་ཁང་། གཞིས་གྲོང་གསུམ་པའི་ནང་གི་ལུས་སྦྱོང་ (Open Gym) ར་བ།  རྙིང་དགོན་བདུད་འདུལ་རབ་བརྟན་གླིང་། བཙུན་དགོན་ནམ་མཁའ་ཁྱུང་རྫོང་བཅས་ལ་གཟིགས་བསྐོར་དང་མཆོད་མཇལ་གནང་འདུག

ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་སཾ་བྷོ་ཊ་ཅན་དྲ་གྷི་རི་སློབ་གྲྭ་དང་། ཀེ་ལཤ་སློབ་ཕྲུག་ཉལ་ཁང་། ལོ་བར་སིང་སཾ་བྷོ་ཊ། སྨན་རྩིས་ཁང་། གཞིས་གྲོང་ ༥ པ་རྐང་སྤོལ་རྩེད་ཐང་ལས་གཞི་དང༌མ་ཧན་ཌ་གྷ་རི་སཾ་བྷོ་ཊ་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་རྗེས། ལ་རྒྱབ་ཏུ་ཡོད་པའི་ས་གནས་འགོ་འཛིན་འོག་གི་ལས་འཆར་ཤིང་འབྲས་ཨམྲ་དང་། མ་རྨོས་ལོ་ཏོག་གི་ཞིང་ཁར་གཟིགས་བསྐོར་དང་།

དེ་ནས་སྒེར་གྱི་སྣུམ་འདོན་ལིམ་རྩྭའི་ས་ཞིང་དང་། ཀེ་ཤུར་ཤིང་འབྲས་འདེབས་ཞིང་། གཞིས་གྲོང་བཞི་པའི་ནང་གི་མ་རྨོས་ལོ་ཏོག་འབྲུ་འདོན་འཕྲུལ་འཁོར་བཅས་ལ་གཟིགས་ཞིབ་གནང་རྗེས། རིག་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་དང་། གནས་མདོ་ཨོ་རྒྱན་ཐེག་མཆོག་གླིང་དགོན་པ་བཅས་གཉིས་ལ་མཆོད་མཇལ་ཞུས་གནང་འདུག

ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་ཨོ་རི་ས་གཞིས་གྲོང་ལྔ་ཡི་མི་མང་ཁྱོན་ ༡༥༠ འདུ་འཛོམས་སར་ཆེད་བཅར་གྱིས། སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞི་ཆ་བགོས་གནང་བ་ལྟར་མི་མང་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་འཐིལ་ཕྱིན་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པ་སྣུམ་འཁོར་བརྒྱུད་ཀྲ་ཀྲ་ནཱ་གྷར་ (Tatanagar) ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །