སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ནས་ཕྱི་ཟླ་ ༡༢ ཚེས་ ༩ བར་ཉིན་གྲངས་ ༡༡ ཙམ་རིང་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་རྡོར་གླིང་ (Darjeeling)དང་། བསུ་ན་མདའ།(Sonada) མི་རིག(Mirik) མཁའ་ཤང་།(Kurseong) གུམ་(Ghum) བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༢༩ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣༠ ཉིན་ལྡི་ལི་ནས་རྡོར་གླིང་དུ་ཕེབས་ཐོན་གནང་སྟེ། ཕྱི་ཟླ་ ༡༢ ཚེས་ ༧ བར་གོང་གསལ་ས་གནས་ཁག་ཏུ་ལས་རིམ། ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །